
སྤྱི་ཟླ་ ༡༢ པའི་ཚེས་ ༢༨ ཀྱི་དྲོ་པར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ནིའུ་ལྡི་ལི་ལུ་ རྒྱ་གར་གྱི་ བློན་ཆེན་བགྲེསཔ་ ཌོག་ཊར་མཱན་མོ་ཧཱན་སིང་གཤགས་མིའི་ རྒྱལ་ཁམས་ཀྱི་ སྤུར་སྦྱང་དོན་ལུ་ ཆིབས་བསྐྱོད་གནང་ཡོདཔ་ད་ དགུང་ལོ་ ༩༢ བཞེས་མི་ ཌོག་ཊར་མཱན་མོ་ཧཱན་སིང་དེ་ སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ལུ་ གཤགས་སོངཔ་ཨིན་པས།
དེ་ཡང་ མི་དབང་མངའ་ཞབས་མཆོག་གིས་ ཕྱག་ཤུལ་ཅན་གྱི་ དབུ་ཁྲིད་ཨིན་མི་ འབྲུག་གི་ཆ་རོགས་འཆམ་ཤོས་ ཌོག་ཊར་སིང་གི་ སྐུ་ཕུང་ལུ་ མེ་ཏོག་གི་ཕྲེང་བ་ ཕུལ་གནང་ཡོདཔ་ད་ མི་དབང་མཆོག་ དེ་བཟུམ་མའི་ སྤུར་སྦྱང་ནང་ ཆིབས་བསྐྱོད་གནང་པ་ལུ་བརྟེན་ཏེ་ འབྲུག་དང་ རྒྱ་གར་གྱི་བར་ན་ མཐུན་ལམ་གཏིང་ཟབ་དང་ ཡུན་བརྟན་ཡོད་མི་འདི་ ཧེང་སྐལ་རང་ དམ་ཟབ་སོང་ནུག།
སྤུར་སྦྱང་དེ་ནང་ རྒྱ་གར་གྱི་ སྲིད་འཛིན་དང་ བློན་ཆེན་ གཞུང་གི་ཆེ་མཐོའི་འགོ་ཁྲིདཔ་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་ ཀོང་རེཛ་ཚོགས་པའི་འགོ་ཁྲིདཔ་ དེ་ལས་ བློན་ཆེན་གཤགས་མིའི་ བཟའ་ཚང་འཐུས་མི་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
རྒྱ་གར་རྒྱལ་ཁབ་ནང་ ཉིན་གྲངས་ ༧ གྱི་རིང་ རྒྱལ་དར་ཕྱེད་ཀ་ལུ་ མར་ཕབ་འབད་དེ་ གཞུང་འབྲེལ་ཐོག་ལས་ མྱ་ངན་བརྩི་སྲུང་ཨིན་པའི་ གསལ་བསྒྲགས་གནང་ནུག།
རྒྱ་གར་གྱི་ བློན་ཆེན་བགྲེསཔ་གཤགས་མི་ ཌོག་ཊར་མཱན་མོ་ཧན་སིང་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ མཐུན་ལམ་དམ་ཟབ་ཡོད་མི་དེ་ ཧེང་སྐལ་ར་ རྩ་བརྟན་བཟོ་གནང་ཡོད་པའི་གནས་ཚུལ།





Users Today : 737
Users Yesterday : 1422
This Month : 15908
This Year : 179592
Total Users : 537569
Views Today : 1221
Total views : 1694100
Who's Online : 10