ཨིཛ་རེལ་གྱིས་ མཁའ་ཐོག་ལས་ གནོད་འཚུབ་བཀལ་ཏེ་ ག་ཟའི་ཁྲིམས་སྲུང་འགོ་འཛིན་ ༡ དང་ མི་སེར་ ༦༧ དམར་བསད།

རོའི་ཊརཛ།
སྤྱི་ཟླ་ ༡ པའི་ཚེས་ ༢ ལུ་ ཨིཛ་རེལ་གྱིས་ ག་ཟ་ལུ་ཡོད་མི་ སྐྱབས་བཅོལ་བའི་ སྡོད་སྒར་ཚུ་གིས་གཙོས་པའི་ ས་ཁོངས་གཞན་ཚུ་ནང་ མཁའ་ཐོག་ལས་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༦༨ དེ་ཅིག་ དམར་བསད་འབད་མིའི་གྲས་ཁར་ ཧ་མཱཛ་གི་ ཁྲིམས་སྲུང་འགོ་འཛིན་ཡང་ཡོདཔ་ཨིན་པས།
མ་གཞི་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་མི་ ཨཱལ་མ་ཝ་སི་ ས་གནས་དེ་ ཞི་བའི་མི་སེར་ཚུ་གི་དོན་ལུ་ འགྲོ་བ་མིའི་ས་ཁོངས་སྦེ་ ངོས་འཛིན་འབད་ཡོདཔ་ད་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་བའི་སྐབས་ལུ་ ག་ཟའི་ཁྲིམས་སྲུང་འགོ་འཛིན་ ཡོངས་ཁྱབ་མདོ་ཆེན་ མེ་མཱུད་ས་ལ་དང་ ཁོ་གི་ལས་རོགས་ ཧ་སཱམ་ཤ་ཝཱན་ ༢ ས་ཁོངས་དེ་ནང་ཡོད་མི་ སྐྱབས་བཅོལ་བའི་ སྡོད་སྒར་ཚུ་ནང་ ཞིབ་དཔྱད་འབད་དེ་སྡོད་ནུག།
ཨིཛ་རེལ་གྱི་ དྲག་པོའི་དམག་སྡེ་གིས་ ལྷོག་ཕྱོགས་ག་ཟ་ལུ་ ཧ་མཱཛ་གིས་ དམག་སྡེ་འགོ་ཁྲིད་འབད་མི་ལུ་བརྟེན་ཏེ་ དམར་བསད་འབད་ཡོདཔ་སྦེ་ བཤད་ཡོད་རུང་ ཡོངས་ཁྱབ་མདོ་ཆེན་དེ་ དམར་བསད་འབད་བའི་སྐོར་ལས་ ག་ནི་ཡང་ བཤད་མ་བཏུབ་ཨིན་པས།
དེ་མ་ཚད་ ཁཱན་ཡུ་ནིཛ་ལུ་ཡོད་མི་ ནང་སྲིད་ལྷན་ཁག་གི་ ཡིག་ཚང་ས་ཁོངས་ནང་ མི་གྲངས་ ༦ གིས་གཙོས་པའི་ བྱང་ཕྱོགས་ག་ཟ་དང་ མཚོ་འགྲམ་ དེ་ལས་ དབུས་ཕྱོགས་ག་ཟ་དང་ ག་ཟ་ཁྲོམ་ཚུ་གི་ སྡོད་སྒར་ཚུ་ནང་ཡོད་མི་ པེ་ལིཛ་ཊིན་གྱི་ མི་སེར་ ༥༧ དེ་ཅིག་ཡང་ དམར་བསད་འབད་ཡོདཔ་སྦེ་བཀོད་ནུག།
ག་ཟ་གསོ་བའི་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ ཕྱད་མདའ་རྐྱབ་མིའི་ནང་ ཨིཛ་རེལ་གྱིས་ པེ་ལིཛ་ཊིན་གྱི་ མི་སེར་ ༤༥,༥༠༠ ལྷགཔ་ཅིག་ དམར་བསད་འབད་ཡི་ཟེར་ཨིན་པས།
དེ་ལས་ ག་ཟ་ལུ་ མི་རློབས་ས་ཡ་ ༢.༣ ཡོད་མི་ མང་ཤོས་ཅིག་ལུ་ སྡོད་སའི་ས་གོ་མེདཔ་ བཟོ་ཡོདཔ་མ་ཚད་ མཚོ་འགྲམ་གྱི་ སྒྲིག་བཀོད་ཚུ་ཡང་ ཚབས་ཆེན་སྦེ་ར་ ཧྲམ་བཏང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: