
རྒྱ་གར་ཨ་སམ་མངའ་སྡེའི་ གཙོ་འཛིན་བློན་པོ་ ཧི་མཱན་ཏ་ བིཛ་ཝ་ སར་མ་མཆོག་གིས་ འབྲུག་ལུ་ གཟིགས་སྐོར་གནང་སྟེ་ ཨ་སམ་ལུ་ ལོག་ཕེབས་པའི་ཤུལ་ལས་ གནས་ཚུལ་ཞལ་འཛོམས་ཅིག་ནང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་དོན་ལུ་ ཨ་སམ་གྱི་ ལཱ་འགན་སྐོར་ལས་ གསལ་བཤད་གནང་ནུག།
དེ་ཡང་ ས་གནས་ཀྱི་ བརྡ་བརྒྱུདཔ་ཚུ་གིས་ གཙོ་འཛིན་བློན་པོ་མཆོག་ འབྲུག་གི་རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༧ པའི་ནང་ སྐུ་མགྲོན་སྦེ་ བྱོན་ཡོདཔ་བཞིན་དུ་ ཨ་སམ་གྱི་ཁ་ཐུག་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་དོན་ལུ་ ག་ཅི་ར་ མཛད་ནི་གི་ ཐུགས་བཞེད་ཡོདཔ་ཨིན་ན་ཚུ་གི་སྐོར་ལས་ དྲི་བ་ཞུ་བའི་ལན་ལུ་ གསལ་བཤད་མཛད་ཡོདཔ་ཨིན་པས།
གཙོ་འཛིན་བློན་པོ་ ཧི་མཱན་ཏ་ བིཛ་ཝ་ སར་མ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ འབྲུག་ལུ་ གཟིགས་སྐོར་གནང་མི་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ གོང་འཕེལ་གནས་སྟངས་སྐོར་ལས་ ཧ་གོ་ཐབས་ལུ་དང་ ཨ་སམ་གྱི་ཧོངས་ལས་ ལྷན་ཐབས་འབད་དགོཔ་ཚུ་ ཧ་གོ་ཐབས་ལུ་ཨིན་ཟེར་གསུངས་ནུག།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱིས་ ཨ་སམ་མངའ་སྡེ་ལུ་ ཁེ་ཕན་སྦོམ་སྦེ་ར་ འབྱུང་ནི་ཨིནམ་ལས་ ང་བཅས་ཀྱིས་ དོ་འགྲན་འབད་ནི་མིན་པར་ མཐུན་རྐྱེན་ལྷན་ཐབས་འབད་ནི་དེ་ གལ་ཆེ་ཟེར་ཨིན་པས།
དེ་མ་ཚད་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ ལོ་ངོ་དག་པ་ཅིག་གི་ཤུལ་ལས་ ཤར་ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ར་ དཔལ་འབྱོར་གྱི་ལྟེ་བ་སྦོམ་ཅིག་ལུ་ འགྱུར་ནི་ཨིནམ་ལས་ འབྲུག་དང་ ཨ་སམ་གྱི་བར་ན་ གཞི་རྟེན་མཐུན་རྐྱེན་ ཡར་དྲགས་གཏང་དགོཔ་དེ་ གལ་ཆེ་ཟེར་གསུངས་ནུག།
དེ་འབདཝ་ལས་ ཨ་སམ་བོང་གའི་ག་འཱུན་དང་ དགེ་ལེགས་ཕུག་གི་བར་ན་ སྣུམ་འཁོར་ ༦ རེ་ ཕན་ཚུན་འགྲུལ་སྐྱོད་འབད་ནི་གི་ འཁོར་ལམ་ཚུ་ བསལ་ནི་ཨིནམ་མ་ཚད་ རྒྱ་གར་དབུས་གཞུང་ལྟེ་བ་ལས་ ཀོག་ར་ཇར་བརྒྱུད་དེ་ གོ་ཝ་ཧ་ཊི་དང་ དགེ་ལེགས་ཕུག་གི་བར་ན་ཡང་ འཕྲལ་མགྱོགས་ར་ རེལ་ལིའི་ལམ་ བཟོ་སྐྲུན་འབད་ནི་གི་ གསལ་བསྒྲགས་གནང་པའི་ རེ་བ་ཡོད་ཟེར་ཨིན་པས།
གཙོ་འཛིན་བློན་པོ་གིས་ འབྲུག་ལུ་ གཟིགས་སྐོར་གནང་པའི་ གྲུབ་འབྲས་གཞན་ཡང་ འབྲུག་ལས་ཐོན་མི་ཆུ་དེ་ ལག་ལེན་འཐབ་ཐོག་ལས་ ཆུ་གཡུར་ལས་འགུལ་དང་ གློག་མེ་འཕྲུལ་ཁང་ཚུ་ཡང་ བཟོ་བསྐྲུན་འབད་ཚུགས་པའི་ ཁེ་ཕན་ཡོད་ལུགས་ཚུ་ཡང་ གསལ་བཤད་མཛད་ནུག།
མི་དབང་མངའ་བདག་རིན་པོ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལུ་བརྟེན་ཏེ་ རྒྱ་གར་ཨ་སམ་ལུ་ཡང་ ཕན་ཐོགས་འབྱུང་ནི་ཨིནམ་སྦེ་ གསུངས་གནང་ཡོདཔ་མ་ཚད་ རྒྱ་གར་དབུས་གཞུང་ལྟེ་བ་ལས་ཡང་ འབྲུག་དང་ ཨ་སམ་ ༢ མཉམ་འབྲེལ་ཐོག་ལས་ ལཱ་འབད་དགོ་པའི་ རེ་བ་ཡོད་ཟེར་ཨིན་པས།
གཙོ་འཛིན་བློན་པོ་གིས་ སྤྱི་ལོ་ ༢༠༢༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མི་དབང་སྐུ་འཁོར་ལྷན་རྒྱས་དང་བཅསཔ་སྦེ་ ཨ་སམ་ལུ་ གཟིགས་སྐོར་གནང་པར་ འབྱོན་ནི་ཨིན་པའི་སྐོར་ལས་ཡང་ གསུངས་ཡོད་པའི་གནས་ཚུལ།






Users Today : 1323
Users Yesterday : 3410
This Month : 87821
This Year : 524814
Total Users : 1236630
Views Today : 1963
Total views : 3294090
Who's Online : 11