
སྤྱི་ཟླ་ ༡ པའི་ཚེས་ ༧ ལུ་ འཇིགས་མེད་གླིང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ སྦྱོང་བརྡར་སྤེལ་ཁང་ནང་ལས་ འགོ་དཔོན་ ༡༧ དང་ དམག་གསར་ ༢༦༠ གིས་ སྦྱོང་བརྡར་མཐར་འཁྱོལ་ཡོད་པའི་ དགའ་སྟོན་རྟེན་འབྲེལ་ནང་ མི་རྗེ་བློན་ཆེན་མཆོག་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་ཡོདཔ་ཨིན་པས།
དེ་བསྒང་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ འགོ་དཔོན་སློབ་སྦྱོང་ཤོ་ཐེངས་ ༤༣ པའི་ནང་ལས་ འགོ་དཔོན་ ༡༧ དང་ འགག་སྦྱོང་ཤོ་ཐེངས་ ༥༦ པའི་ནང་ལས་ དམག་གསར་ ༢༦༠ གིས་ སྦྱོང་བརྡར་ལེགས་ཤོམ་སྦེ་ མཐར་འཁྱོལ་མི་ལུ་ བཀྲིས་བདེ་ལེགས་ཡོད་ཟེར་ གསུངས་གནང་ནུག།
མི་རྗེ་བློན་ཆེན་མཆོག་གིས་ རྒྱལ་ཁབ་ནང་ ཞི་བདེ་དང་ ཉེན་སྲུང་ཚུ་ བདག་འཛིན་འཐབ་ནིའི་དོན་ལས་ ཞབས་ཏོག་ཞུ་བའི་སྐབས་ལུ་ དྲང་བདེན་དང་ སྒྲིག་ཁྲིམས་ཚུ་ ག་ནི་བ་ གལ་གནད་ཆེ་བའི་ ནན་སྐུལ་ཡང་ མཛད་ཡོདཔ་ཨིན་པས།
འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ཞི་བདེའི་ནང་ གནས་རིམ་མཐོ་ཤོས་ཅིག་ཨིན་མི་ གནས་རིམ་ ༢༡ པའི་ནང་ ཚུད་དེ་ཡོདཔ་ད་ དེ་ཡང་ ང་བཅས་རའི་ མི་དབང་རིམ་བྱོན་ཚུ་གི་ དབུ་ཁྲིད་བཟང་པོ་དང་ དམིགས་བསལ་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གཞི་རྩ་ཚུ་ ལམ་སྟོན་མཛད་གནང་པའི་ གྲུབ་འབྲས་ཨིན་ཟེར་གསུངས་ནུག།
དེ་མ་ཚད་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ རྒྱལ་ཁབ་ནང་ སྒྲིག་ཁྲིམས་དང་ སྒྲིག་གཞི་ཚུ་ བདག་འཛིན་འཐབ་ནི་དང་ གློ་བུར་གྱི་ གནས་སྟངས་ཚུ་ནང་ ངོས་ལེན་འབད་ནི་ མི་སེར་ཚུ་གི་ བདེ་སྐྱིད་སྲུང་སྐྱོབ་ཀྱི་དོན་ལས་ བརྩོན་ཤུགས་བསྐྱེད་མི་ལུ་ཡང་ བཀྲིན་དགའ་ཚོར་དང་ དཔའ་ཉམས་ཡོད་ཟེར་ཨིན་པས།
དམག་སྦྱོང་དེ་ འགོ་དཔོན་ཚུ་གི་དོན་ལུ་ ཟླ་ངོ་ ༡༨ དང་ དམག་གསར་ཚུ་གི་དོན་ལུ་ ཟླ་ངོ་ ༨ ཨིནམ་ད་ དེ་ཡང་ འགོ་དཔོན་གྱི་ སྦྱོང་བརྡར་ནང་ ཕོ་སྐྱེས་ ༡༠ དང་ ཨམ་སྲུ་ ༧ དེ་ལས་ དམག་གསར་གྱི་ སྦྱོང་བརྡར་ནང་ ཕོ་སྐྱེས་ ༢༠༧ དང་ ཨམ་སྲུ་ ༥༣ ཡོདཔ་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1437194
Views Today :
Total views : 5000
Who's Online :