
སྤྱི་ཟླ་ ༡ པའི་ཚེས་ ༨ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འབྲུག་གི་དམིགས་བསལ་བདག་སྐྱོང་ལུང་ཕྱོགས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱིས་ ཨང་གནས་བདོག་གཏད་ བིཊ་ཀོ་ཡིན་དང་ ཨེ་ཐར་ དེ་ལས་ བི་ཨེན་བི་ཟེར་མི་ཚུ་ ཁྲོམ་ཚོགས་ཀྱི་ ཐབས་བྱུས་གསོག་འཇོག་ནང་ ངོས་ལེན་འགྲུབ་ནི་གི་ ཀུན་སློང་ཡོདཔ་ཨིན་པས།
དེ་ཡང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ ཨང་གནས་བདོག་གཏད་ཚུ་ ཐབས་བྱུས་གསོག་འཇོག་གི་ ཆ་ཤས་སྦེ་ གཞུང་འབྲེལ་དུ་ ངོས་ལེན་གྲུབ་མི་ དམིགས་བསལ་བདག་སྐྱོང་ལུང་ཕྱོགས་ དང་པ་ཨིན་པས།
ད་རེས་ ཁྲོམ་ཚོགས་དེ་གི་ ཐབས་བྱུས་གསོག་འཇོག་ནང་ ཨང་གནས་བདོག་གཏད་ བཙུགས་བཞག་འབད་མི་དེ་གིས་ དམིགས་བསལ་བདག་སྐྱོང་ལུང་ཕྱོགས་ཀྱི་ དཔལ་འབྱོར་གྱི་ བརྟན་གཞི་ཡར་དྲགས་བཟོ་ནི་ཨིན་པའི་ཁར་ བིཊ་ཀོ་ཡིན་ ལག་ལེན་ནང་ ལུང་ཕྱོགས་ཁྱབ་ཁོངས་ཀྱི་ གྲལ་གཏོགས་ལུ་ གཞི་སྒྱུར་འཐོན་ནི་ཨིན་པས།
ཐབས་བྱུས་གསོག་འཇོག་གི་དོན་ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱིས་ ཚོང་ལམ་ནང་ རྒྱ་ཆེ་བའི་མ་རྩ་དང་ དངུལ་སྒྱུར་གྱི་ འོས་འབབ་ཡོད་མི་ ཨང་གནས་བདོག་གཏད་ཚུ་ ངོས་ལེན་འགྲུབ་ནི་གི་ ཀུན་སློང་ཡོད་མི་དེ་གིས་ གོང་ཚད་ལུ་ གནོད་པ་ཆུང་ཀུའི་སྒོ་ལས་ འཇམ་ཏོང་ཏོ་སྦེ་ ཚོང་སྒྱུར་འཐབ་ཚུགསཔ་ ངེས་གཏན་བཟོ་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་པས།
དེ་མ་ཚད་ ཁྲོམ་ཚོགས་དེ་གིས་ ཕན་ཚུན་སྤྲོད་ལེན་ཚུ་གི་ བལྟ་རྟོག་ལུ་ རྒྱབ་སྐྱོར་ཡོད་པའི་ ཨང་གནས་བདོག་གཏད་ ཡུན་རིང་གི་བར་ན་ གནས་ཏེ་ཡོད་མི་དང་ ཉེན་སྲུང་དང་ལྡན་མི་ཚུ་ ངོས་ལེན་འགྲུབ་ཐབས་འབད་ནི་ཨིན་པས།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ ལྷོ་ཨེ་ཤི་ཡའི་ དཔལ་འབྱོར་ཚུ་གི་ འོས་འབབ་དང་ལྡན་པའི་ མཐུད་མཚམས་ཁར་ ཆགས་ཏེ་ཡོདཔ་ལས་ ལུང་ཕྱོགས་ནང་ མི་རློབས་ཐེར་འབུམ་ ༢ ལྷགཔ་ཅིག་ཡོད་མི་ལུ་ ཞབས་ཏོག་ཚུ་ སྤྲོད་ཚུགས་ནི་དང་ ཁྲོམ་ཚོགས་དེ་གི་ དཔལ་འབྱོར་གྱི་ དམིགས་གཏད་གཙོ་བོ་དེ་ཡང་ དམིགས་བསལ་བདག་སྐྱོང་ལུང་ཕྱོགས་ཀྱི་ གསར་བཏོད་གཙོ་རིམ་དང་ འཕྲུལ་རིག་གསརཔ་ཚུ་གུ་ གཙོ་བོར་བཟུང་སྟེ་ ཨང་གནས་བདོག་གཏད་ཀྱི་ འཕྲུལ་རིག་ལག་ལེན་གོང་འཕེལ་དང་ རྒྱབ་སྐྱོར་འབད་ནི་ཚུ་ཨིན་པས།
གསལ་བསྒྲགས་འདི་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ སྤྱི་ལོ་ ༢༠༢༤ གི་ ཁྲིམས་ལུགས་ ༡ པ་ ཆ་འཇོག་གནང་པའི་ཤུལ་ལུ་ གནང་ཡོདཔ་ད་ ཆ་འཇོག་གྲུབ་མི་ ཁྲིམས་ལུགས་ཚུ་གིས་ ཨང་གནས་བདོག་གཏད་དང་འབྲེལ་བའི་ དངུལ་འབྲེལ་ཞབས་ཏོག་ཚུ་ སྤྲོད་ནི་གི་ འདུན་པ་ཡོད་མི་ ཚོང་སྡེ་ཚུ་གི་དོན་ལུ་ ཁྲིམས་དོན་དང་ ལམ་ལུགས་སྒྲིག་བཀོད་ གཞི་བཙུགས་འབད་ནི་ཨིན་པས།
ཁྲོམ་ཚོགས་ཀྱི་ ཐབས་བྱུས་གསོག་འཇོག་གི་ ཆ་ཤས་སྦེ་ ཁྲིམས་ལུགས་ཆ་འཇོག་དང་ ཨང་གནས་བདོག་གཏད་ཚུ་ ངོས་ལེན་གྲུབ་ནི་དེ་གིས་ ཁྲོམ་ཚོགས་དེ་ཁར་ སྒྲིག་འཛིན་ཅན་གྱི་ འཕྲུལ་རིག་གོང་འཕེལ་ནང་ ཨང་གནས་རིམ་ལུགས་ཡར་འཕར་ལུ་ ཕན་ཐབས་འབད་ནི་གི་ ཀུན་སློང་ཨིན་པས།
སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༣ པའི་ནང་ ཁྲོམ་ཚོགས་དེ་གིས་ འཛམ་གླིང་མཐའ་དབུས་ཀྱི་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་དང་ བཟོ་གྲྭའི་འགོ་ཁྲིདཔ་ཚུ་དང་གཅིག་ཁར་ ཨང་གནས་བདོག་གཏད་ཚུ་ ཁྲོམ་ཚོགས་ཀྱི་ ཐབས་བྱུས་གསོག་འཇོག་གི་ ཆ་ཤས་སྦེ་ ངོས་ལེན་འགྲུབ་ནིའི་དོན་ལས་ འབྲུག་ལུ་སྦེ་ ཆེ་རིམ་ཞལ་འཛོམས་ཅིག་ འཚོགས་ནི་གི་ འཆར་གཞི་ཡོདཔ་ད་ ཞལ་འཛོམས་དེ་ནང་ ཁྲོམ་ཚོགས་དེ་གི་དོན་ལུ་ ཨང་གནས་བདོག་གཏད་ གཞི་བཙུགས་ཀྱི་ རྒྱལ་སྤྱིའི་གྲོས་སྟོན་སྡེ་ཚན་ཅིག་ གཞི་བཙུགས་འབད་ནི་གི་སྐོར་ལས་ཡང་ གསུང་གྲོས་གནང་ནི་ཨིན་པའི་གནས་ཚུལ།




Users Today : 1611
Users Yesterday : 1650
This Month : 18432
This Year : 182116
Total Users : 540093
Views Today : 3096
Total views : 1698837
Who's Online : 8