ལྷོ་ཀོ་རི་ཡའི་ སྲིད་འཛིན་བགྲེསཔ་ འཛིན་བཟུང་ལས་ བཀག་ཆ་འབད་ཐབས་ལུ་ མི་སེར་ཚུ་གིས་ ངོ་རྒོལ་འགྲེམ་སྟོན།

ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༡ པའི་ཚེས་ ༡༡ ལུ་ ངོ་རྒོལ་འགྲེམ་སྟོན་འབད་མི་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་ ལྷོ་ཀོ་རི་ཡའི་རྒྱལ་ས་ སི་འཱུལ་ལུ་ འཕྲོ་མཐུད་དེ་ར་ སྤུངས་འཛོམས་འབད་ཡོདཔ་ད་ དེ་ཡང་ ན་ཧིང་ཅིག་ཁར་ སྲིད་འཛིན་ལས་ ཕྱིར་དབྱུངས་འབད་མི་ ཡཱུན་སུག་ཡེ་ཨཱོལ་དེ་ འཛིན་བཟུང་འབད་ནི་ལས་ བཀག་ཐབས་ལུ་ཨིན་པས།
དེ་སྦེ་ རྒྱལ་སའི་ཁྲོམ་ལམ་བདའ་སྟེ་ ངོ་རྒོལ་འགྲེམ་སྟོན་འབད་མི་ མི་སེར་ཚུ་གིས་ སྲིད་འཛིན་ཡཱུན་སུག་ཡེ་ཨཱོལ་དེ་ འཛིན་བཟུང་འབད་ནི་མེད་པའི་གུ་ ཉེས་འཛུགས་བཀལ་མི་དེ་ཡང་ ཆ་མེད་གཏང་དགོ་པའི་ ཞུ་བ་འབད་ནུག།
ངན་ལྷད་ཞིབ་དཔྱད་ཡིག་ཚང་ལས་ སྲིད་འཛིན་ཡཱུན་སུག་ཡེ་ཨཱོལ་དེ་ དེ་སྦེ་ འཛིན་བཟུང་འབད་དགོ་པའི་ བཀའ་རྒྱ་བཏོན་མི་དེ་ཡང་ གཙོ་བོ་ར་ སྤྱི་ཟླ་ ༡༢ པའི་ཚེས་ ༣ ལུ་ ཡཱུན་སུག་ཡེ་ཨཱོལ་གྱིས་ དུས་ཡུན་ཐུང་ཀུ་ཅིག་གི་རིང་ལུ་ དྲག་པོའི་སྲིད་གཞུང་བཙུགས་ནི་སྦེ་ གསལ་བསྒྲགས་འབད་ནི་གེ་གིས་ ཞིབ་དཔྱད་འབད་ཐབས་ལུ་ཨིན་པས།
ན་ཧིང་ སྤྱི་ཟླ་ ༡༢ པའི་ཚེས་ ༡༢ ལུ་ སྲིད་འཛིན་ལས་ ཕྱིར་དབྱུངས་འབད་མི་ ཡཱུན་སུག་ཡེ་ཨཱོལ་དེ་ ངན་ལྷད་ཞིབ་དཔྱད་སྡེ་ཚན་གྱིས་ ད་རེས་ འཛིན་བཟུང་འབད་ནི་གི་ དཔའ་བཅམ་མི་དེ་ ལན་ཐེངས་ ༢ པ་ཨིན་མ་ད་ ལན་ཐེངས་ ༡ པ་དེ་ བདུན་ཕྲག་ཧེ་མའི་ནང་ འཛིན་བཟུང་འབད་ནི་གི་ རྩིས་རྐྱབ་ཡོད་རུང་ ཡཱུན་སུག་ཡེ་ཨཱོལ་གྱི་ ཉེན་སྲུང་སྡེ་ཚན་གྱིས་ དུས་ཡུན་ཆུ་ཚོད་ ༡ གི་རིང་ལུ་ བཀག་ཆ་འབད་དེ་ བཞག་ཡོདཔ་ལས་ འཛིན་བཟུང་འབད་མ་ཚུགས་པར་ ལུས་སོང་ནུག།
མ་གཞི་ ཡཱུན་སུག་ཡེ་ཨཱོལ་གྱི་ ཉེན་སྲུང་གཙོ་འཛིན་ པཱག་ཅོང་ཇུན་དེ་ སྤྱི་ཟླ་ ༡ པའི་ཚེས་ ༡༠ ལུ་ དགོངས་ཞུ་འབད་ཡོད་རུང་ སྲིད་འཛིན་བགྲེསཔ་ ཡཱུན་སུག་ཡེ་ཨཱོལ་དེ་ འཛིན་བཟུང་འབད་ནི་ལས་ འཛེམ་དགོ་པའི་ ཉེན་བརྡ་འབད་ཡོདཔ་ཨིན་པས།
གལ་སྲིད་ ཡཱུན་སུག་ཡེ་ཨཱོལ་དེ་ འཛིན་བཟུང་འབད་བ་ཅིན་ ལྷོ་ཀོ་རི་ཡའི་ རྒྱལ་རབས་ནང་ སྲིད་འཛིན་འཛིན་བཟུང་འབད་མི་དེ་ འགོ་དང་པ་ འོང་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: