
རོའི་ཊརཛ།
ཡུ་ཨེཛ་གི་མངའ་སྡེ་ ཀེ་ལི་ཕོར་ནི་ཡའི་ཁྲོམ་སྡེ་ ལོཛ་ཨེན་ཇི་ལེཛ་ལུ་ ནགས་མེ་བྱུང་མི་དེ་ རླུང་མ་ཤུགས་ཅན་དང་ ས་སྐམ་རྡོ་སྐམ་ལུ་བརྟེན་ཏེ་ མེ་བསད་ནི་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུང་ཡོད་རུང་ སྤྱི་ཟླ་ ༡ པའི་ཚེས་ ༡༠ ལུ་ ལོཛ་ཨེན་ཇི་ལེཛ་གི་ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་ ས་གནས་ཁག་ ༢ ཀྱི་ནང་ ཚད་འཛིན་འབད་ཚུགས་ཡོདཔ་ཨིན་པས།
དེ་ཡང་ མེ་རྐྱེན་ཁག་ ༦ དུས་མཉམ་ལུ་ བྱུང་མིའི་ནང་ ད་ཚུན་གྱི་བར་ན་ མི་གྲངས་ ༡༡ དེ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཁར་ བཟོ་བཀོད་ ༡༠,༠༠༠ དེ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་སྦེ་བཀོད་ནུག།
དེ་མ་ཚད་ མི་སེར་ ༡༥༣,༠༠༠ ལྷགཔ་ཅིག་ སྡོད་གནས་སྤོ་དགོཔ་ ཐོན་པའི་ཁར་ པེ་རིཛ་ཧིལ་ཊོན་དང་ བིལ་ལི་ཀི་རིཛ་ཊཱལ་ཚུ་བརྩིས་ཏེ་ ཡོངས་གྲགས་ཅན་གྱི་ མི་ངོམ་ལེ་ཤ་ཅིག་གི་ སྡོད་ཁྱིམ་ཚུ་ཡང་ འཚིགས་ཡོདཔ་ཨིན་པས།
མེ་རྐྱེན་དེ་ འགོ་དང་པ་ སྤྱི་ཟླ་ ༡ པའི་ཚེས་ ༧ ལུ་ ས་གནས་ཀྱི་ ཕྱི་རོའི་ཆུ་ཚོད་ ༨.༡༥ དེ་ཅིག་ཁར་ མ་ལི་བུའི་ ཉེ་འདབས་ལུ་ཡོད་མི་ པེ་སི་ཕིག་ པ་ལི་སེཌ་ཟེར་ས་ལས་ འགོ་བཙུགས་ཡོདཔ་ད་ དེ་གི་ཤུལ་ལས་ བྱང་ཕྱོགས་ཁྲོམ་ཁར་ ཁྱབ་སྤེལ་སོང་ཡོདཔ་ལས་ ས་ཆ་ཨེ་ཀར་ ༣༥,༠༠༠ ལྷགཔ་ཅིག་ཡང་ འཚིགས་ཡོདཔ་སྦེ་བཀོན་ནུག།
དེ་སྦེ་ མེ་རྐྱེན་ཚད་འཛིན་འབད་མིའི་ནང་ མེ་བསད་མི་ཚུ་གིས་ ཉེན་སྲུང་དང་ལྡན་པའི་སྒོ་ལས་ ཁྱིམ་ལས་ཁྱིམ་བརྒྱུད་དེ་ འཚོལ་ཞིབ་འབད་བའི་ཤུལ་ལུ་ ཤི་རྐྱེན་དང་ རྒྱུ་དངོས་མེདཔ་བཏང་མི་ཚུ་ ཡར་སེང་འགྱོ་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།
ག་དེ་སྦེ་ར་ཨིན་རུང་ ཡུ་ཨེཛ་གཞུང་གིས་ ད་རེས་ནངས་པར་ ནགས་མེ་དེ་ལུ་བརྟེན་ཏེ་ ས་སྨུག་སྟུག་དྲགས་དང་ བཙོག་རླུང་ཚུ་གིས་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་སྐྱོན་འབྱུང་ནི་ཨིན་པའི་ ཉེན་བརྡ་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1310
Users Yesterday : 1650
This Month : 18131
This Year : 181815
Total Users : 539792
Views Today : 2117
Total views : 1697858
Who's Online : 8