
བི་བི་སི།་
ཨིཛ་རེལ་དང་ ཧ་མཱཛ་ ༢ ཀྱི་བར་ན་ ཟླ་ངོ་ ༡༥ གི་རིང་ལུ་ དམག་འཁྲུག་ལང་པའི་ཤུལ་ལས་ ག་ཟ་ལུ་ དམག་འཁྲུག་མཚམས་འཇོག་འབད་ནི་དང་ མི་ངོམ་ཚུ་ གློད་བཀྲོལ་གཏང་ནི་གི་དོན་ལས་ གན་རྒྱ་བཟོ་ཡི་ཟེར་ བར་འདུམ་འབད་མི་ ཀ་ཊར་དང་ ཡུ་ཨེཛ་རྒྱལ་ཁབ་ ༢ ཀྱིས་ སྤྱི་ཟླ་ ༡ པའི་ཚེས་ ༡༥ ལུ་ བཤད་ཡོདཔ་ཨིན་པས།
ཀ་ཊར་གྱི་བློན་ཆེན་ ཤེག་མོ་ཧ་མཱད་བིན་ ཨབ་དཱུལ་རཱ་མཱན་ ཨཱལ་ཐ་ནི་གིས་ གན་ཡིག་དེ་ ཨིཛ་རེལ་གྱི་ ལྷན་རྒྱས་གཞུང་ཚོགས་ལས་ ཆ་འཇོག་གྲུབ་པའི་ཤུལ་ལུ་ སྤྱི་ཟླ་ ༡ པའི་ཚེས་ ༡༩ ལས་ ལག་ལེན་འཐབ་ནི་ཨིནམ་སྦེ་བཤད་ནུག།
ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བཱའི་ཌེན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ གན་ཡིག་དེ་ལུ་བརྟེན་ཏེ་ ག་ཟ་ལུ་ དམག་འཁྲུག་བཀག་ཆ་དང་ པེ་ལེཛ་ཊིན་གྱི་ མི་སེར་ཚུ་ལུ་ དགོས་མཁོ་ཆེ་བའི་ མི་སྟོབས་ཀྱི་ གྲོགས་རམ་ཚུ་ ཡར་སེང་འབད་ཚུགས་ནི་ཨིནམ་མ་ཚད་ བཙན་བཟུང་འབད་དེ་ བཞག་མི་ཚུ་ཡང་ ཁོང་རའི་བཟའ་ཚང་ཚུ་དང་ ལོག་འཛོམས་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།
ཨིཛ་རེལ་གྱི་བློན་ཆེན་ བེན་ཇ་མིན་ ནེ་ཏ་ན་ཡ་ཧུ་གིས་ གན་རྒྱ་འདི་གི་ མཐའ་དཔྱད་ཁ་གསལ་ཚུ་གི་དོན་ལས་ ད་ལྟོ་ཡང་ ལཱ་འབད་བའི་བསྒང་ཡོད་རུང་ བཱའི་ཌེན་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ བཤད་ཡོདཔ་ད་ ཧ་མཱཛ་གི་འགོ་ཁྲིདཔ་ ཁ་ལིལ་ཨཱལ་ཧ་ཡ་གིས་ཡང་ པེ་ལེཛ་ཊིན་གྱི་ མི་སེར་ཚུ་ ཉམས་སྲུང་འབད་ཚུགས་པའི་ གྲུབ་འབྲས་ཅིག་ཨིནམ་སྦེ་བཤད་ནུག།
མངའ་ཁོངས་དེ་ནང་ དེ་སྦེ་ དམག་འཁྲུག་ལང་མི་དེ་ཡང་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ ཧ་མཱཛ་གིས་ ས་མཚམས་བདའ་སྟེ་ མི་གྲངས་ ༡,༢༠༠ དེ་ཅིག་ དམར་བསད་འབད་ཡོདཔ་མ་ཚད་ མི་གྲངས་ ༢༥༡ དེ་ཅིག་ཡང་ བཙན་བཟུང་འབད་དེ་ བཞག་ནི་དེ་གིས་ཨིན་པས།
དུས་དེ་ལས་ཚུར་ ཨིཛ་རེལ་གྱིས་ ག་ཟ་ལུ་ མི་ ༤༦,༧༠༠ ལྷགཔ་ཅིག་ དམར་བསད་འབད་བའི་ཁར་ མངའ་ཁོངས་དེ་ནང་ མི་རློབས་ས་ཡ་ ༢.༣ དེ་ཅིག་ཡོད་མི་ཚུ་ཡང་ གནས་སྤོ་སྟེ་ འགྱོ་དགོཔ་ཐོནཡོདཔ་ད་ དེ་བཟུམ་སྦེ་ གཞི་རྟེན་མཁོ་ཆས་ཚུ་ མེདཔ་བཏང་ཡོདཔ་མ་ཚད་ དགོས་མཁོ་ཆེ་བའི་ བཟའ་འཐུང་དང་ ས་སྣུམ་ སྨན་རིགས་ཚུ་གི་ དཀའ་ངལ་ཡང་ ཐོན་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།
ཚེ་རིང་ལྷ་མོ།





Users Today : 1398
Users Yesterday : 3875
This Month : 80953
This Year : 517946
Total Users : 1229762
Views Today : 2373
Total views : 3283087
Who's Online : 19