
པདྨ༌བཟང༌མོ།
སྤྱི་ཟླ་ ༡ པའི་ཚེས་ ༡༦ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་སྦེ་ འབྲུག་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གཟེངས་བསྟོད་རྟགས་མ་ འགོ་བྱེད་གནངམ་དང་འབྲེལ་ཏེ་ གཟེངས་བསྟོད་རྟགས་མ་དེ་ འགོ་དང་པ་ ཨམ་ལོ་རན་པོ་ཡེལ་ཇོབཛ་ལུ་ གནང་ཡོདཔ་ཨིན་པས།
ཨམ་ལོ་རན་པོ་ཡེལ་ཇོབཛ་དེ་ འདི་བཟུམ་མའི་ ཁྱད་འཕགས་ཀྱི་ གཟེངས་བསྟོད་རྟགས་མ་ཐོབ་མི་ མི་ངོམ་དང་པ་ཨིནམ་ད་ མོ་གིས་ མི་སྡེ་ཡར་དྲག་བཏང་ནིའི་དོན་ལས་ དམིགས་བསལ་གྱིས་ ཕན་འདེབས་འབད་བའི་ ངོས་འཛིན་ལུ་ གནང་ཡོདཔ་ཨིན་པས།
དེ་ཡང་ ལས་དོན་ཁག་ལེ་ཤ་ཅིག་ནང་ འབྲུག་གི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ ཡུན་བརྟན་གོང་འཕེལ་དང་ ལམ་སྲོལ་ཉམས་སྲུང་ མཐའ་འཁོར་ཉམས་སྲུང་ གཞུང་སྐྱོང་ལེགས་ལྡན་ཚུ་དང་མཐུན་པའི་ གཞི་སྒྱུར་ཚུ་ ལག་ལེན་འཐབ་ནུག།
རྟགས་མ་དེ་ འབྲུག་གི་ཁ་ཐུག་ལས་ འཛམ་གླིང་ནང་ འགྲོ་བ་མིའི་ཕན་བདེ་དང་ གོང་འཕེལ་གྱི་དོན་ལུ་ བརྩོན་ཤུགས་སྦོམ་བསྐྱེད་དེ་ ལཱ་འབད་མི་ཚུ་ལུ་ དགའ་ཚོར་བསམ་ནི་དང་ རྒྱབ་སྐྱོར་འབད་བའི་ བརྡ་མཚོན་ཅིག་སྦེ་ གསར་བཏོད་མཛད་ཡོདཔ་ཨིན་པས།
མོ་གིས་ སྤྱི་ལོ་ ༢༠༡༡ ལུ་ དཀའ་ངལ་མགུ་རྙོག་དྲགས་ཚུ་ མགྱོགས་དྲགས་སྦེ་ བསལ་ཐབས་ལུ་ མ་རྩ་གཞི་བཙུགས་དང་ གྲོགས་རམ་གྱི་དོན་ལས་ ཨེ་མར་སཱོན་ ཀོ་ལི་ཊིབ་ཟེར་མི་ ལས་སྡེ་ཅིག་ གཞི་བཙུགས་འབད་དེ་ ཤེས་རིག་དང་ དཔལ་འབྱོར་ ནང་སྐྱོད་བསྐྱར་བཟོ་ དེ་ལས་ མཐའ་འཁོར་ཉམས་སྲུང་ཚུ་ནང་ མ་རྩ་བཙུགས་ཡོདཔ་མ་ཚད་ ཁེ་སང་མེད་པའི་ བརྡ་བརྒྱུད་ལུ་ཡང་ གཙོ་བོར་བཏོནམ་ལས་ བརྡ་བརྒྱུད་ནང་ཡང་ མིང་གཏམ་དར་ཁྱབ་སོང་ནུག།
དེ་བཟུམ་སྦེ་ སྤྱི་ལོ་ ༢༠༡༥ ལུ་ ཨམ་ལོ་རན་པོ་ཡེལ་ཇོབཛ་གིས་ ཨ་མི་རི་ཀའི་ མཐོ་རིམ་ཤེས་ཡོན་ བསྐྱར་གསོའི་དོན་ལུ་ ཌོ་ལར་ས་ཡ་ ༥༠ གཞི་བཙུགས་ཐོག་ལས་ སློབ་གྲྭའི་ཁྱད་འཕགས་ལས་འགུལ་ཅིག་ འགོ་བཙུགས་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་ ༢༠༢༡ ལུ་ ཝ་ཝར་ལི་ཁྲོམ་ལམ་གཞི་ཚོགས་ གསར་བཙུགས་འབད་ཡོདཔ་བཞིན་དུ་ ལོ་ངོ་ ༡༠ གྱི་ ནང་འཁོད་ལུ་ གནམ་གཤིས་འགྱུར་བགྲོད་ཀྱི་ དཀའ་ངལ་བསལ་ཐབས་ལུ་ ཌོ་ལར་ཐེར་འབུམ་ ༣.༥ མ་རྩ་གཞི་བཙུགས་འབད་ནི་ཨིན་པའི་ ཁས་ལེན་འབད་ནུག།
དེ་སྦེ་ མ་རྩ་གཞི་བཙུགས་འབད་མི་དེ་གིས་ གནམ་གཤིས་འགྱུར་བགྲོད་ཀྱིས་ གནོད་སྐྱོན་བྱུང་མི་ མི་སྡེ་ཚུ་ལུ་ ཡུན་བརྟན་གྱི་ བཟའ་འཐུང་ལམ་ལུགས་དང་ ནུས་ཤུགས་ཚོང་འབྲེལ་ལུ་ གཙོ་བོར་བཏོན་ཏེ་ རྒྱབ་སྐྱོར་འབད་ནི་ཨིན་པས།
མོ་གི་ལཱ་ཤུལ་ཚུ་ལུ་ གཞིར་བཞག་སྟེ་ སྤྱི་ལོ་ ༢༠༢༣ ལོར་ ཊ་ཡེམཛ་དུས་དེབ་ནང་ སྐུལ་ནུས་ཅན་གྱི་ མི་གྲངས་ ༡༠༠ གྱི་གྲས་ཁར་ ༡ ཨམ་ལོ་རན་པོ་ཡེལ་ཇོབཛ་ ཚུད་ཡོདཔ་སྦེ་བཀོད་ནུག།
ད་རེས་ འབྲུག་ལུ་ འགོ་དང་པ་ཨིན་མི་ ཨམ་ལོ་རན་པོ་ཡེལ་ཇོབཛ་གིས་ དགེ་ལེགས་ཕུག་ དྲན་བཤེས་ཁྲོམ་ཚོགས་ནང་ཡང་ ལྟ་སྐོར་འབད་ནི་ཨིན་པའི་གནས་ཚུལ།







Users Today : 1146
Users Yesterday : 915
This Month : 36978
This Year : 265819
Total Users : 977635
Views Today : 2171
Total views : 2847579
Who's Online : 10