
བི་བི་སི།
སྤྱི་ཟླ་ ༡ པའི་ཚེས་ ༡༨ ཀྱི་དྲོ་པར༌ ཨི་རཱན་གྱི་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ ༢ ཀྲོབ་མདའ་རྐྱབ་སྟེ་ དམར་བསད་འབད་ཡོདཔ་ད་ དེ་སྦེ་ དམར་བསད་འབད་མི་ཡང་ དྲང་དཔོན་ཨ་ལི་ ར་ཟི་ནི་དང་ དྲང་དཔོན་མོ་ཧཱ་མཱད་ མོ་གི་སི་ ༢ ཨིན་པས།
དེ་ཡང་ ཨི་རཱན་གྱི་རྒྱལ་ས་ ཏཱེ་རཱན་ལུ་ ཀྲོབ་བམདའ་འབག་མི་ཅིག་ ཁྲིམས་ཁང་ནང་ འཛུལ་ཞིནམ་ལས་ དྲང་དཔོན་ ༢ བསད་ཡོདཔ་མ་ཚད་ སྐུ་སྲུང་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ད་ ངོ་རྒོལ་འབད་མི་དེ་ ས་གནས་དེ་ཁ་ལས་ བྱོག་འགྱོ་བའི་ཤུལ་ལུ་ རང་སྲོག་བཅད་དེ་ ཤི་སོངཔ་ཨིན་པས།
དེ་སྦེ་ དྲང་དཔོན་ ༢ དམར་བསད་འབད་དགོ་པའི་སྐོར་ལས་ བརྡ་དོན་ཁ་གསལ་ཅིག་མེད་རུང་ དྲང་དཔོན་ ༢ ཀྱིས་ སྤྱི་ལོ་ ༡༩༨༠ ལས་ ༡༩༩༠ ཚུན་གྱི་བར་ན་ ཨིཛ་ལཱ་མིག་ གཞུང་གི་བྱང་ཕྱད་ཚུ་ལུ་ གནོདཔ་བཀལ་ནི་དང་ བསད་ནིའི་ནང་ འགན་ཁུར་འབག་ཡོདཔ་སྦེ་ཨིན་པས།
མངོན་མཐོ་ཁྲིམས་འདུན་གྱི་ བརྡ་བརྒྱུད་ཡིག་ཚང་ལས་ བཤད་དོ་བཟུམ་འབད་བ་ཅིན་ དྲང་དཔོན་ ༢ དམར་བསད་འབད་མི་དེ་གིས་ མངོན་མཐོ་ཁྲིམས་འདུན་ལུ་ རྩོད་བཤེར་ག་ཅི་གི་ནང་ཡང་ འབྲེལ་གཏོགས་མིན་འདུག་ཟེར་ཨིནམ་ད་ ཨིན་རུང་ མི་ངོམ་གཞན་ཚུ་ ངོས་འཛིན་འབད་ནིའི་དོན་ལས་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཡོདཔ་སྦེ་ཨིན་པས།
དྲང་དཔོན་ཨ་ལི་ ར་ཟི་ནི་དེ་ སྤྱི་ལོ་ ༡༩༩༨ ལུ་ བསད་ནི་གི་ དཔའ་བཅམ་ཡོད་རུང་ བསད་མ་ཚུགས་པར་ ལུས་ཡོདཔ་ད་ དྲང་དཔོན་མོ་ཧཱ་མཱད་ མོ་གི་སི་གིས་ དྲང་བདེན་མེད་པའི་ རྩོད་བཤེར་ལེ་ཤ་ཅིག་ ལག་ལེན་འཐབ་ཡོདཔ་ལས་ སྤྱི་ལོ་ ༢༠༡༩ ལུ་ ཡུ་ཨེཛ་གིས་ བཀག་དམ་འབད་ནུག།
དེ་བསྒང་ མོ་གི་སི་དེ་ ཏཱེ་རཱན་ངོ་རྒོལ་ཁྲིམས་འདུན་ཅིག་ནང་ དྲང་དཔོན་སྦེ་ སྡོད་ཡོདཔ་ད་ སྤྱི་ལོ་ ༢༠༢༠ ལུ་ མཐོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ བསྐོ་བཞག་འབད་ཡོདཔ་ཨིན་པས།
དེ་མ་ཚད་ སྤྱི་ལོ་ ༢༠༢༣ ལུ་ ཀེ་ན་ཌ་གིས་ ཨི་རཱན་གྱི་ དྲང་དཔོན་ ༧ བཀག་དམ་འབད་མིའི་གྲས་ཁར་ཡང་ དྲང་དཔོན་མོ་ཧཱ་མཱད་ མོ་གི་སི་དེ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།







Users Today :
Users Yesterday :
This Month :
This Year :
Total Users : 1439072
Views Today :
Total views : 5000
Who's Online :