
འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ བསྐྱར་ཞིབ་འབད་བའི་སྐབས་ལུ་ རྒྱལ་ཁབ་ནང་ སྣུམ་འཁོར་ཚོང་འབྲེལ་འཐབ་མི་ ༡༡ གིས་ སྣུམ་འཁོར་ཉོ་མི་ ༤,༣༤༥ ལས་ སྔོ་ལྗང་གི་ཁྲལ་ དངུལ་ཀྲམ་ས་ཡ་ ༣༠.༩ དེ་ཅིག་ འཐེབ་ལེན་ཡོདཔ་ལས་ འཕྲལ་མགྱོགས་ར་ ལོག་སྤྲོད་དགོ་པའི་ བཀའ་རྒྱ་གནང་ནུག།
དེ་ཡང་ འབྲུག་ཚོང་འབྲེལ་ལས་འཛིན་དང་ སེངྒེ་ཚོང་སྡེ་ གཟིམ་སྒྲ་མོ་ཊརཛ་ གཟིམ་སྦིས་མོ་ཊརཛ་ བྷུ་ཊཱན་ཨི་སུ་ཛུ་ ཊི་སི་ཌི་མོ་ཊརཛ་ ཤིང་མཁར་ཨོ་ཊོ་ བྷུ་ཊཱན་ཧུན་ཌ་ཡེ་ ལེགས་སཱོལ་མོ་ཊརཛ་ བསམ་ལྡན་ཝེ་ཀཱལཛ་ ཕི་རི་ཌོམ་མོ་ཊརཛ་ ལས་སྡེ་ཚུ་ཨིན་པས།
དེ་སྦེ་ ཁྲལ་འཐེབ་ལེན་མི་ཚུ་ ལོག་སྤྲོད་དགོ་མི་ཚུ་ཡང་ འབྲུག་ཚོང་འབྲེལ་ལས་འཛིན་གྱིས་ སྣུམ་འཁོར་ཉོ་མི་ ༨༥༧ ལུ་ དངུལ་ཀྲམ་ས་ཡ་ ༡༤.༣༣ དང་ སེངྒེ་ཚོང་སྡེ་གིས་ སྣུམ་འཁོར་ཉོ་མི་ ༡༨༥ ལུ་ དངུལ་ཀྲམ་ས་ཡ་ ༩.༦༡ ལོག་སྤྲོད་དགོ་ནི་ཨིན་པས།
དེ་བཟུམ་སྦེ་ གཟིམ་སྒྲ་མོ་ཊརཛ་གིས་ སྣུམ་འཁོར་ཉོ་མི་ ༡,༡༢༠ ལུ་ དངུལ་ཀྲམ་ས་ཡ་ ༤.༩༩ དང་ གཟིམ་སྦིས་མོ་ཊརཛ་གིས་ སྣུམ་འཁོར་ཉོ་མི་ ༡༨ ལུ་ དངུལ་ཀྲམ་ ༧༧༠,༩༤༣ བྷུ་ཊཱན་ཨི་སུ་ཛུ་གིས་ སྣུམ་འཁོར་ཉོ་མི་ ༡༦༥ ལུ་ དངུལ་ཀྲམ་ ༥༢༣,༥༣༨ ཊི་སི་ཌི་མོ་ཊརཛ་གིས་ སྣུམ་འཁོར་ ༡༨ ཉོ་མི་ལུ་ དངུལ་ཀྲམ་ ༣༢༢,༤༥༨ ལོག་སྤྲོད་དགོ་ནི་ཨིན་པས།
དེ་ལས་ ཤིང་མཁར་ཨོ་ཊོ་གིས་ སྣུམ་འཁོར་ཉོ་མི་ ༡༩༠ ལུ་ དངུལ་ཀྲམ་ ༢༡༩,༢༨༦ དང་ བྷུ་ཊཱན་ཧུན་ཌ་ཡེ་གིས་ སྣུམ་འཁོར་ཉོ་མི་ ༡,༧༣༦ ལུ་ དངུལ་ཀྲམ་ ༡༣༠,༩༤༩ ལེགས་སཱོལ་མོ་ཊརཛ་གིས་ སྣུམའ་ཁོར་ཉོ་མི་ ༤ ལུ་ དངུལ་ཀྲམ་ ༢༨,༨༢༦ དང་ བསམ་ལྡན་ཝེ་ཀཱལཛ་གིས་ སྣུམ་འཁོར་ཉོ་མི་ ༣༧ ལུ་ དངུལ་ཀྲམ་ ༢༥,༠༠༠ ཕི་རི་ཌོམ་མོ་ཊརཛ་གིས་ སྣུམ་འཁོར་ཉོ་མི་ ༣༢ ལུ་ དངུལ་ཀྲམ་ ༡,༧༤༠ ལོག་སྤྲོད་དགོ་ནི་ཨིན་པས།
འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ མི་མང་ལུ་ གསལ་བསྒྲགས་འབད་མིའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་ ༢༠༡༩ སྤྱི་ཟླ་ ༡ པ་ལས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༡ པའི་ཚེས་ ༣༠ ཚུན་གྱི་བར་ན་ སྣུམ་འཁོར་ཉོ་མི་ཚུ་ལུ་ སྣུམ་འཁོར་ཚོང་འབྲེལ་འཐབ་མི་ཚུ་གིས་ སྔོ་ལྗང་གྱི་ ཁྲལ་འཐེབ་ལེན་མི་ ལོག་སྤྲོད་དགོ་ཟེར་ཨིན་པས།
སྣུམ་འཁོར་ནང་འདྲེན་ བཀག་དམ་འབད་མི་དེ་ ལོག་བཏང་པའི་ཤུལ་ལས་ སྣུམ་འཁོར་གྱི་ གོང་ཚད་ཚུ་ ཡར་སེང་སོང་ཡོད་པའི་ ཉོག་བཤད་བཀོད་མི་དང་འབྲེལ་ཏེ་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ སྣུམ་འཁོར་ཚོང་འབྲེལ་འཐབ་མི་ཚུ་ལས་ ཡིག་ཆ་ཚུ་ བསྡུ་ལེན་འབད་དེ་ བསྐྱར་ཞིབ་འབད་བའི་སྐབས་ལུ་ སྔོ་ལྗང་གི་ཁྲལ་ འཐེབ་ལེན་ཡོད་པའི་ མངོན་གསལ་བྱུང་ནུག།
དེ་སྦེ་ ཁྲལ་འཐེབ་ལེན་མི་ཚུ་ག་ར་ སྤྱི་ཟླ་ ༢ པའི་ཚེས་ ༡༥ གི་ ནང་འཁོད་ལུ་ ལོག་སྤྲོད་དགོཔ་སྦེ་ཨིནམ་ད་ སྣུམ་འཁོར་ཚོང་འབྲེལ་འཐབ་མི་ཚུ་གིས་ རྩིས་ཁྲ་ཚུ་ འོང་འབབ་དང་ ཅ་དམ་ལས་ཁུངས་ལུ་ མ་སྤྲོད་པར་ བཞག་ཡོདཔ་ཨིན་པས།
དེ་ཚེ་ཅིག་ཁར་ མི་རྗེ་བློན་ཆེན་མཆོག་གིས་ སྣུམ་འཁོར་ཚོང་འབྲེལ་འཐབ་མི་ཚུ་ལུ་ གཞུང་ལུ་ ཁྲལ་རིགས་ཉོག་གསལ་འབད་དགོཔ་ཡོད་མི་ཚུ་ སྤྱི་ཟླ་འདི་ནང་ར་ མཇུག་བསྡུ་དགོཔ་སྦེ་ གསུངས་ཡོདཔ་མ་ཚད་ གལ་སྲིད་ གོང་ཚད་ཚུ་ཡང་ དྲང་བདེན་མ་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ སྣུམ་འཁོར་གྱི་ གོང་ཚད་ཚུ་ མི་མང་ལུ་ གསལ་སྟོན་འབད་དགོ་པའི་ ཉེན་བརྡ་ཡང་མཛད་ནུག།
ད་རུང་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ སྣུམ་འཁོར་ཚོང་འབྲེལ་འཐབ་མི་ཚུ་ལུ་ སྤྱིར་བཏང་གི་ ཚད་གཞི་ལས་བརྒལ་ཏེ་ སྔོ་ལྗང་གི་ ཁྲལ་ལེན་མི་ཚུ་ འཕྲལ་མགྱོགས་ར་ དྭངས་གསལ་བཟོ་དགོཔ་སྦེ་ སླབ་ཡོདཔ་མ་ཚད་ འབྲུག་གི་ཁྲལ་གྱི་བཅའ་ཁྲིམས་དང་ ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ཏེ་ ཁྲིམས་མཐུན་གྱི་ ཉེས་ཆད་ཚུ་ཡང་ ཕོག་ནི་ཨིནམ་སྦེ་ བཤད་ཡོད་པའི་གནས་ཚུལ།






Users Today : 2122
Users Yesterday : 3875
This Month : 81676
This Year : 518670
Total Users : 1230486
Views Today : 4003
Total views : 3284717
Who's Online : 15