ཨིན་ཌོ་ནེ་ཤི་ཡ་ལུ་ ས་རུད་ཆད་དེ་ མི་གྲངས་ ༡༦ ལུ་ ཤི་རྐྱེན་དང་ ༡༠ ལུ་རྨ་སྐྱོན།

རོའི་ཊརཛ།
སྤྱི་ཟླ་ ༡ པའི་ཚེས་ ༢༡ ལུ་ ཨིན་ཌོ་ནེ་ཤི་ཡའི་ ཇ་བ་ཁྲོམ་སྡེ་ པེ་ཀ་ལོང་གཱན་ལུ་ ས་རུད་ཆད་པའི་ རྐྱེན་ངན་ནང་ མི་གྲངས་ ༡༦ ལུ་ ཤི་རྐྱེན་དང་ ༡༠ ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ མི་གྲངས་ ༣ ཡང་ བརླག་སྟོར་ཤོར་ནུག།
དེ་ཡང་ རྒྱལ་ཁབ་ཀྱི་ རྐྱེན་ངན་ལས་སྡེའི་ འགོ་དཔོན་ཅིག་གིས་ བཤདདོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༡ པའི་ཚེས་ ༢༠ ལུ་ ས་གནས་དེ་ཁར་ ཆརཔ་ཤུགས་སྦེ་ རྐྱབ་པ་ལུ་བརྟེན་ཏེ་ ས་རུད་ཆད་ནུག་ཟེར་ཨིན་པས།
ད་རེས་ མི་གྲངས་ ༣ བརླག་སྟོར་ཤོར་མི་ཚུ་ འཚོལ་དོ་ཡོདཔ་ད་ ས་རུད་དེ་གིས་ སྡོད་ཁྱིམ་དང་ འཁོར་ལམ་ཚུ་ལུ་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་པའི་ཁར་ སྣུམ་འཁོར་ཚུ་ཡང་ ས་འདམ་གྱི་འོག་ལུ་ ཚུད་ཡོདཔ་སྦེ་བཀོད་ནུག།
དེ་ལས་ རྐྱེན་ངན་དེ་གིས་ ཟམ་ ༢ ཡང་ མེདཔ་བཏང་ཡོདཔ་ད་ ད་རུང་ཡང་ ཉིན་གྲངས་དག་པ་ཅིག་གི་རིང་ལུ་ ཆརཔ་འཕྲོ་མཐུད་དེ་ར་ རྐྱབ་ནི་ཨིན་པའི་སྐོར་ལས་ རྐྱེན་ངན་ལས་སྡེ་གིས་ མི་སེར་ཚུ་ལུ་ ཉེན་བརྡ་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: