
ཨེ་བི་སི།
སྤྱི་ཟླ་ ༡ པའི་ཚེས་ ༢༩ ལུ་ བྱང་ཀོ་རི་ཡའི་ གཞུང་འབྲེལ་བརྡ་བརྒྱུད་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ རྒྱལ་ཁབ་ཀྱི་ རྡུལ་ཕྲན་མཚོན་ཆ་ཚུ་གི་ ལྕོགས་གྲུབ་ཡར་དྲག་གཏང་ནིའི་དོན་ལས་ རྡུལ་ཕྲན་མཚོན་ཆའི་ འཕྲུལ་ཁང་ནང་ གཟིགས་སྐོར་གནང་ཡི་ཟེར་ཨིན་པས།
དེ་ཡང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཁྲི་འདོན་མཛད་སྒོའི་ཤུལ་ལས་ བྱང་ཀོ་རི་ཡ་ལུ་ གནོན་ཤུགས་ཡར་སེང་འབད་ནི་ཨིནམ་ལས་ བྱང་ཀོ་རི་ཡ་གིས་ རྡུལ་ཕྲན་མཚོན་ཆ་ཚུ་གི་ ལྕོགས་གྲུབ་ཡར་དྲག་གཏང་དགོཔ་དེ་ གལ་ཅན་ཅིག་ལུ་ གྱུར་ཡོདཔ་སྦེ་བཀོད་ནུག།
མ་གཞི་ སྲིད་འཛིན་ཊཱམ་གྱིས་ སྲིད་འཛིན་ཀིམ་དང་གཅིག་ཁར་ མཐུན་འབྲེལ་བསྐྱར་གསོའི་དོན་ལུ་ གསུང་གྲོས་གནང་ནི་གི་ ཐུགས་འདོད་ཡོད་ལུགས་ཚུ་ གསུངས་ཡོད་རུང་ སྲིད་འཛིན་ཀིམ་གྱིས་ རྡུལ་ཕྲན་མཚོན་ཆ་ཚུ་ རྒྱ་སྐྱེད་འབད་ནི་ལུ་ འཕྲོ་མཐུད་དེ་ར་ གཙོ་བོར་གཏོན་དགོཔ་སྦེ་ གསུངས་ཡོདཔ་ཨིན་པས།
དབྱེ་དཔྱད་འབད་མི་ མང་ཤོས་ཅིག་གིས་ བྱང་ཀོ་རི་ཡའི་ མཚོན་ཆ་ཚུ་གི་སྐོར་ལས་ ཝ་ཤིང་ཊཱོན་དང་གཅིག་ཁར་ དོན་གཅོད་མཐུན་འབྲེལ་ཐོག་ལུ་ གསུང་གྲོས་གནང་པ་ཅིན་ ཕན་འདེབས་དང་ སྲིད་དོན་གྱི་ ཁེ་དབང་ཚུ་ འཐོབ་ནི་ཨིན་པའི་ བསམ་འཆར་ཡང་བཀོད་ནུག།
སྲིད་འཛིན་ཀིམ་གྱིས་ རྡུལ་ཕྲན་རྒྱུ་དངོས་ཚུ་ བཟོ་སྐྲུན་འབད་ས་དང་ རྡུལ་ཕྲན་མཚོན་ཆ་སྤེལ་ཁང་ནང་ གཟིགས་སྐོར་གནང་ཡོད་རུང་ མཐུན་རྐྱེན་དེ་ཚུའི་ ས་ཁོངས་ཚུ་ གསལ་སྟོན་མ་འབད་བར་ གསང་བཞག་ཡོདཔ་ཨིན་པས།
ཨིན་རུང་ གཟིགས་སྐོར་སྐབས་ཀྱི་ དཔར་ཚུ་ལུ་བལྟ་བ་ཅིན་ ན་ཧིང་ སྤྱི་ཟླ་ ༩ པའི་ནང་ གཟིགས་སྐོར་གནང་ས་དང་ སྤྱི་ལོ་ ༢༠༡༠ ལུ་ ཨ་མི་རི་ཀའི་ མཁས་པ་ཚུ་གིས་ བལྟ་སྐོར་འབད་མི་ འགས་རྫས་རྡུལ་ཕྲན་ལེགས་བཅོས་ཀྱི་ ས་ཁོངས་བཟུམ་ཅིག་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1292
Users Yesterday : 1729
This Month : 5094
This Year : 184997
Total Users : 896813
Views Today : 3339
Total views : 2633656
Who's Online : 9