
པདྨ་བཟངམོ།
གསོ་བའི་ལྷན་ཁག་གིས་ ཨ་ལོ་ཉེན་སྲུང་དང་ མཉམ་འབྲེལ་ཐོག་ལས་ ཨེཆ་ཨའི་ཝི་ ནད་འབུབ་བཀག་ཐབས་ལུ་ ཕོ་མཚན་ཤུབས་ ལག་ལེན་འཐབ་མ་དགོ་པར་ ཟ་སྨན་ལས་རིམ་ཅིག་ འགོ་བཙུགས་ནུག།
དེ་ཡང་ གོ་རིམ་དང་པའི་ནང་ ཐིམ་ཕུ་དང་ སྤ་རོ་ལུ་ ཕོ་སྐྱེས་དང་ ཕོ་སྐྱེས་ཀྱི་བར་ན་ ལུས་འབྲེལ་འབད་མི་དང་ གཞང་བཙོང་གི་ལཱ་འབད་མི་ མཚན་མ་བསྒྱུར་བཅོས་འབད་མི་ མི་ངོམ་ཚུ་ དེ་ལས་ སྨྱོ་རྫས་ཀྱི་ ཁབ་བཙུགས་མི་ཚུ་ལུ་ བྱིནམ་ཨིན་པས།
འཛམ་གླིང་མ་དངུལ་ལས་འགུལ་གྱི་ རྒྱབ་སྐྱོར་ཐོག་ལས་ འགོ་བཙུགས་མི་ ལས་རིམ་དེ་གིས་ སྤྱི་ལོ་ ༢༠༣༠ གི་ ནང་འཁོད་ལུ་ འབྲུག་རྒྱལ་ཁབ་ནང་ ཨེཆ་ཨའི་ཝི་ ནད་འབུབ་གསརཔ་ཐོབ་མི་ བརྒྱ་ཆ་ ༩༠ དེ་ཅིག་ མར་ཕབ་འབད་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།
འཛམ་གླིང་གསོ་བའི་ལས་ཚོགས་དང་འཁྲིལ་བ་ཅིན་ ཟ་སྨན་པི་རི་-ཨེགཛ་པོ་ཞར་ པོ་རོ་ཕི་ལེ་སིཛ་ཟེར་མི་དེ་ དུས་རྒྱུན་ར་ ཟ་བ་ཅིན་ ཨེཆ་ཨའི་ཝི་ ནད་འབུབ་ཀྱི་ ཉེན་ཁ་དེ་ བརྒྱ་ཆ་ ༩༠ ལྷགཔ་ཅིག་ མར་ཕབ་འབད་ཚུགས་ཟེར་ཨིན་པས།
མི་ངོམ་ཅིག་གིས་ ཟ་སྨན་དེ་ ཉི་བསྟར་བཞིན་དུ་དང་ ཡང་ཅིན་ ལུས་འབྲེལ་མ་འབད་བའི་ ཆུ་ཚོད་ ༢ ཀྱི་ཧེ་མར་ ཟ་དགོ་པའི་ཁར་ ཟླ་ངོ་ ༣ རེའི་བར་ན་ཚར་རེ་ སྨན་ཁང་ནང་ སོང་ཞིནམ་ལས་ ཨེཆ་ཨའི་ཝི་ ནད་འབུབ་བརྟག་དཔྱད་དང་ ལུས་འབྲེལ་ལས་སྤེལ་བའི་ ནད་འབུབ་བརྟག་དཔྱད་ དེ་ལས་ མཁལ་རྡོག་གི་ ལཱ་འགན་བརྟག་དཔྱད་འབད་དགོཔ་ཚུ་ གལ་ཆེ་ཟེར་ཨིན་པས།
ན་ཧིང་གི་ལོ་ནང་ ཟ་སྨན་གྱི་ ལས་རིམ་དེ་ འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ མི་གྲངས་ ༤༠ དེ་ཅིག་གིས་ ལག་ལེན་འཐབ་ནུག།
མི་ཚུ་གིས་ ཨེཆ་ཨའི་ཝི་ ནད་འབུབ་ཐོབ་མི་ ཁོང་རའི་ཆ་རོགས་ལུ་ སྨན་ཁབ་བཙུགས་ནི་གི་ ཅ་ཆས་ཚུ་ བགོ་བཤའ་རྐྱབ་སྟེ་ ལག་ལེན་འཐབ་མ་ཚུགས་པ་ཅིན་ སྨན་ཁབ་བཙུགས་དགོ་པའི་ བསླབ་བྱ་བྱིནམ་ཨིན་པས།
ཟ་སྨན་པི་རི་-ཨེགཛ་པོ་ཞར་ པོ་རོ་ཕི་ལེ་སིཛ་གིས་ ཨེཆ་ཨའི་ཝི་ ནད་འབུབ་བཀག་ཐབས་ལུ་ ཕན་ཐོགས་སྦོམ་ཡོད་རུང་ གྲང་བ་དང་ བསེམོ་ཚུ་ལུ་ ཕན་ཐོགས་མེདཔ་ཨིན་པས།
ཟ་སྨན་དེ་ འགོ་དང་པ་ ལག་ལེན་འཐབ་པའི་སྐབས་ལུ་ ཁམས་ཕོག་རྐྱབ་སྟེ་ ཁ་ལས་སྐྱུག་ནི་དང་ ཐང་ཆད་ནི་ མགུ་འཁོར་ནི་ཚུ་ འབྱུང་སྲིད་ནི་ཨིན་རུང་ གསོ་བའི་འགོ་དཔོན་ཚུ་གིས་ ནད་རྟགས་དེ་ཚུ་ འཕྲལ་མགྱོགས་ར་ མར་ཕབ་འབད་ཚུགས་ནི་ཨིནམ་ལས་ ཉེན་ཁ་མེད་ཟེར་ཨིན་པས།
ན་ཧིང་ སྤྱི་ཟླ་ ༦ པ་ཚུན་ལུ་ རྒྱལ་ཁབ་ནང་ ཨེཆ་ཨའི་ཝི་ ནད་འབུབ་ཐོབ་མི་ མི་གྲངས་ ༡,༠༠༠ དེ་ཅིག་ ཐོ་བཀོད་འབད་ནུག།
ཟ་སྨན་དེ་ དུས་ཅི་ སྤྱི་ཟླ་ ༣ པའི་ནང་ལས་ དགེ་ལེགས་ཕུག་དང་ ཕུན་ཚོགས་གླིང་ལུ་ བཀྲམ་སྤེལ་འབད་ནི་གི་ ལས་འཆར་ཡོདཔ་ད་ སྤྱི་ལོ་ ༢༠༢༦ གི་ ནང་འཁོད་ལུ་ རྫོང་ཁག་ ༢༠ གེ་རའི་ནང་ འཐོབ་ཚུགསཔ་བཟོ་ནི་གི་ དམིགས་བཏད་ཡོདཔ་ཨིན་པའི་གནས་ཚུལ།






Users Today : 1802
Users Yesterday : 1364
This Month : 1802
This Year : 181705
Total Users : 893521
Views Today : 3120
Total views : 2626421
Who's Online : 8