
འཇམ་དབྱངས་ཆོས་སྒྲོན།
སྤྱི་ཟླ་ ༡ པའི་ཚེས་ ༣༠ ལུ་ མི་རྗེ་བློན་ཆེན་མཆོག་གིས་ ལུ་ཛེམ་བཱག་ལུ་ཡོད་མི་ ཡུ་རོ་པིན་ མ་རྩ་གཞི་བཙུགས་དངུལ་ཁང་གི་ ཡིག་ཚང་ལྟེ་བའི་ནང་ གཟིགས་སྐོར་གནང་ཐོག་ལས་ ཡུ་རོ་པིན་ མ་རྩ་གཞི་བཙུགས་དངུལ་ཁང་གི་གཙོ་འཛིན་ ནཱ་ཌི་ཡ་ ཀཱལ་ཝི་ནོ་དང་ གཙོ་འཛིན་འོགམ་ ཨམ་ན་དི་ཡ་ ཀཱོལ་ཝི་ནོ་ དེ་ལས་ མ་རྩ་གཞི་བཙུགས་དངུལ་ཁང་གི་ ལག་ལེན་སྡེ་ཚན་གྱི་ གཙོ་འཛིན་འོགམ་ ཨམ་ནི་ཀོ་ལ་ བིར་ཚུ་དང་གཅིག་ཁར་ མཇལ་ཕྲད་མཛད་ནུག།
དེ་བསྒང་ གསུང་གྲོས་གཙོ་བོ་ འབྲུག་གི་ཆུར་བརྟེན་གློག་ཤུགས་དང་ ཉི་དྲོད་གློག་ཤུགས་མཐུན་རྐྱེན་གྱི་དོན་ལས་ ཡུ་རོ་ས་ཡ་ ༡༥༠ བྱིན་མི་ལུ་ གོང་འཕེལ་བསྐྱར་ཞིབ་དང་ མཉམ་འབྲེལ་འཚོལ་ཞིབ་ཚུ་གི་སྐོར་ལས་ གནང་ཡོདཔ་ཨིན་པས།
དེ་མ་ཚད་ ཕྱོགས་གཉིས་ཆ་རའི་ ཁ་ཐུག་ལས་ ནགས་མེ་བཀག་ཐབས་ཀྱི་ ལས་འགུལ་ཚུ་གི་དོན་ལུ་ འཕྲུལ་རིག་གི་ གྲོགས་རམ་ཚུ་རྩིས་ཏེ་ ནགས་ཚལ་ཡུན་བརྟན་སྦེ་ ལག་ལེན་འཐབ་ནིའི་ནང་ མཉམ་འབྲེལ་གྱི་ འོས་འབབ་ཚུ་གི་སྐོར་ལས་ཡང་ གསུང་གྲོས་གནང་ནུག།
འབྲུག་རྒྱལ་ཁབ་འདི་ དཔལ་འབྱོར་ཡར་རྒྱས་འགྱོ་བའི་ རྒྱལ་ཁབ་ཅིག་ལུ་ འགྱུར་དོ་ཡོདཔ་ལས་ ཕྱོགས་གཉིས་ཆ་ར་གིས་ ཡུ་རོབ་རྒྱལ་སྤྱིའི་ གསར་བཏོད་ཐོག་ལུ་ འབྲེལ་གཏོགས་གཏིང་ཟབ་ བཟོ་ནི་གི་ ངོས་ལེན་ཡང་ མཛད་ཡོདཔ་ཨིན་པས།
མི་རྗེ་བློན་ཆེན་མཆོག་གིས་ ལུ་ཛེམ་བཱག་ ཚོང་འབྲེལ་ལས་སྡེ་གིས་ རྒྱལ་ཁབ་ཀྱི་ སྐྱེ་ལྡན་གནས་སྟངས་རིམ་ལུགས་ གཞི་བཙུགས་འབད་མི་ ལུ་ཛེམ་བཱག་ ཚོང་འབྲེལ་ཁང་ནང་ཡང་ གཟིགས་སྐོར་གནང་ནུག།
ཚོང་འབྲེལ་ལས་སྡེ་དེ་གིས་ ཚོང་འབྲེལ་ལྟེ་བ་དང་ མཉམ་འབྲེལ་གསར་བཏོད་ དྲོད་སྒྲོམ་ ཚོང་ལཱ་མགྱོགས་དྲགས་ གྲོས་བསྟུན་ཞབས་ཏོག་ ཚོང་ལཱ་ཡར་འཕར་ཚུ་གི་ ལྟེ་བ་ཅིག་སྦེ་ཡང་ ཕྱག་ཞུཝ་ཨིན་པས།
གཟིགས་སྐོར་དེ་གིས་ འབྲུག་རྒྱལ་ཁབ་ཀྱི་ དཔལ་འབྱོར་སྒྲིང་སྒྲིང་དང་ ཡར་རྒྱས་གཏང་ཐབས་ལུ་ མཐུན་འབྲེལ་གྱི་ ཐབས་ལམ་ཚུ་ གསལ་སྟོན་འབད་ཡོདཔ་མ་ཚད་ ཡུན་བརྟན་དངུལ་འབྲེལ་དང་ གསར་བཏོད་ཚུ་གི་ནང་ཡང་ མཉམ་འབྲེལ་འབད་ཚུགས་ནི་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1391895
Views Today :
Total views : 5000
Who's Online :