གི་རིཛ་རྒྱལ་ཁབ་ཀྱི་ མཚོ་གླིང་སཱན་ཏོ་རི་ནི་ཟེར་སར་ ཉིན་ཞག་ ༢ ཀྱི་ ནང་འཁོད་ལུ་ ས་ཡོམ་ཡང་བསྐྱར་རྐྱབ་ཡོདཔ།

བི་བི་སི།
སྤྱི་ཟླ་ ༢ པའི་ཚེས་ ༤ ལུ་ གི་རིཛ་རྒྱལ་ཁབ་ཀྱི་ མཚོ་གླིང་སཱན་ཏོ་རི་ནི་ཟེར་སར་ དུས་ཡུན་ཆུ་ཚོད་ ༤༨ ཀྱི་ ནང་འཁོད་ལུ་ ས་ཡོམ་ལན་ཐེངས་བརྒྱ་ཕྲག་སྦེ་ རྐྱབ་ནི་དེ་གིས་ མཚོ་གླིང་དེ་ནང་ལས་ མི་སེར་སྟོང་ཕྲག་ལེ་ཤ་ཅིག་ ས་གནས་གཞན་ཁར་ བྱོག་འགྱོ་དོ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༢ པའི་ཚེས་ ༢ ལས་ཚུར་ གློ་བུར་གྱི་ གནམ་གྲུ་འཕུར་འགྲུལ་ ཡར་སེང་ཐོག་ལས་ མི་སེར་ ༩,༠༠༠ དེ་ཅིག་ གི་རིཛ་གི་ མ་གླིང་ནང་བསྐྱལ་ནུག།
གནས་ཚུལ་དང་འཁྲིལ་བ་ཅིན་ མཚོ་གླིང་དེ་ནང་ ཉིན་ཞག་ ༢ ཀྱི་ ནང་འཁོད་ལུ་ ས་ཡོམ་ལན་ཐེངས་ ༣༠༠ ལྷགཔ་ཅིག་ རྐྱབ་ཡོདཔ་སྦེ་ཨིནམ་ད་ མཁས་མཆོག་ཚུ་གིས་ ད་རུང་ཡང་ ཤུལ་མའི་བདུན་ཕྲག་ཚུ་ནང་ ས་ཡོམ་དེ་ འཕྲོ་མཐུད་དེ་ར་ རྐྱབ་ནི་བཟུམ་འདུག་ཟེར་ བཤད་ཡོདཔ་ལས་ སློབ་གྲྭ་ཚུ་ སྒོ་བསྡམས་ཡོད་པའི་ཁར་ མི་སེར་ཚུ་ཡང་ སྤུངས་འཛོམས་འབད་ནི་ལས་ འཛེམ་དགོ་པའི་ བཀོད་རྒྱ་ཚུ་ བཏང་ཡོདཔ་ཨིན་པས།
མཚོ་གླིང་སཱན་ཏོ་རི་ནི་དེ་ བལྟ་བཤལ་པའི་བསྐྱོད་ཡུལ་ མིང་གཏམ་ཅན་ཅིག་ཨིན་རུང་ སྤྱི་ཟླ་ ༢ པ་དེ་ བལྟ་བཤལ་གྱི་ དུས་ཚོད་མིནམ་ད་ ད་རེས་ནངས་པར་ མི་སེར་མང་ཤོས་ཅིག་ ས་ཡོམ་ལུ་ འཇིགས་སྣང་ཐོག་ལས་ རང་སོའི་སྣུམ་འཁོར་ཚུ་ནང་ ཞག་ཉལ་དོ་ཡོདཔ་སྦེ་བཀོད་ནུག།
མ་གཞི་ ད་ཚུན་གྱི་བར་ན་ གནོད་སྐྱོན་སྦོམ་ཅིག་ ག་ནི་ཡང་ མ་བྱུང་རུང་ སྔོན་འགོག་གི་དོན་ལས་ གློ་བུར་གྱི་ ཐབས་ལམ་ཚུ་ གྲ་སྒྲིག་འབད་དེ་ཡོདཔ་ད་ མི་སེར་ཚུ་ མ་གླིང་ནང་ འགྱོཝ་མ་གཏོགས་ མཚོ་གླིང་དེ་ནང་ ལཱ་གི་རིགས་ཚུ་ ག་ནི་ཡང་ ལག་ལེན་མི་འཐབ་དོ་ཡོདཔ་ཨིན་པས།
མཚོ་གླིང་དེ་ཁར་ མི་རློབས་ ༡༥,༥༠༠ དེ་ཅིག་ལས་མེད་རུང་ ལོ་བསྟར་བཞིན་དུ་ བལྟ་བཤལཔ་ས་ཡ་ལས་བཅད་མི་ཚུ་གི་ མགྲོན་སྐྱོང་འཐབ་དོ་ཡོདཔ་ད་ སྤྱི་ཟླ་ ༢ པ་དེ་ བལྟ་བཤལ་གྱི་ དུས་ཚོད་མིནམ་ལས་ ས་ཡོམ་ལས་ བྲོས་ཟུར་འབད་དེ་ མ་གླིང་ལུ་ འགྱོཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: