
རོའི་ཊརཛ།
སྤྱི་ཟླ་ ༢ པའི་ཚེས་ ༤ ལུ་ རྒྱ་ནག་གིས་ གུ་གཱལ་གྱིས་གཙོས་པའི་ ཡུ་ཨེཛ་གི་ ཚོང་འབྲེལ་དག་པ་ཅིག་ བཀག་དམ་གྱི་ ཐབས་ལམ་ཚུ་ གསལ་བསྒྲགས་འབད་ནུག།
དེ་ཡང་ རྒྱ་ནག་གི་ ཚོང་འབྲེལ་ཚུ་གུ་ ཡུ་ཨེཛ་གིས་ བཀག་དམ་ཚུ་ ལག་ལེན་འཐབ་ཡོད་པའི་ ངོས་ལན་ལུ་ཨིནམ་ད་ རྒྱ་ནག་གི་ བཀག་དམ་གྲས་ཁར་ ཡོངས་གྲགས་ཅན་གྱི་ གྱོན་ཆས་ལས་སྡེ་ ཀེལ་བིན་ཀ་ལེན་དང་ སོ་ནམ་ལག་ཆ་ དེ་ལས་ བཟོ་བསྐྲུན་ལས་སྡེ་ཚུ་ ཚུད་དོ་ཡོདཔ་ཨིན་པས།
དེ་མ་ཚད་ རྒྱ་ནག་གིས་ ཡུ་ཨེཛ་གི་ རྡོ་སོལ་དང་ ས་སྣུམ་ དེ་ལས་ སྣུམ་འཁོར་གྱི་ ཡན་ལག་ཅ་ཆས་ཚུ་ལུ་ཡང་ ཅ་དམ་གྱི་ཁྲལ་ ཡར་སེང་འབད་ཡོདཔ་ད་ དེ་གི་ཧེ་མར་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ རྒྱ་ནག་གི་ ཅ་ཆས་ཚུ་གུ་ ཅ་དམ་གྱི་ ཁྲལ་གསརཔ་ཚུ་ བཀལ་ཡོདཔ་ལས་ འཛམ་གླིང་ནང་ དཔལ་འབྱོར་སྦོམ་ཤོས་ ༢ ཀྱི་བར་ན་ ཚོང་འབྲེལ་གྱི་ བྱ་སྟབས་མ་བདེཝ་ཐོན་ནུག།
རྒྱ་ནག་གཞུང་གི་ ཚོང་འབྲེལ་སྒྲིག་འཛིན་བདག་སྐྱོང་གིས་ བཤད་དོ་བཟུམ་འབད་བ་ཅིན་ གུ་གཱལ་ལས་སྡེ་གིས་ རྒྱལ་ཁབ་ནང་ གཅིག་དབང་ཁྲིམས་ལུགས་ལས་འགལ་བའི་ ལཱ་ཚུ་འབད་དོ་ཡོད་པའི་ དོགས་པ་ཡོདཔ་ལས་ ཁྲིམས་ལུགས་དང་འཁྲིལ་ཏེ་ ཞིབ་དཔྱད་ཚུ་ འགོ་བཙུགས་ཡོདཔ་སྦེ་ཨིན་རུང་ ཞིབ་དཔྱད་ཀྱི་ ཁ་གསལ་དང་ ཁྲིམས་ལུགས་ག་ཅི་ལས་ འགལ་བ་ཡོདཔ་ཨིན་ན་ཚུ་ བཤད་མ་བཏུབ་ཨིན་པས།
གུ་གཱལ་གྱི་ཐོན་སྐྱེད་ འཚོལ་ཞིབ་མཉེན་ཆས་བཟུམ་ཚུ་ མ་པ་ལས་ར་ བཀག་ཆ་འབད་དེ་ཡོད་རུང་ རྒྱ་ནག་ལུ་ཡོད་མི་ གུ་གཱལ་གྱི་ མཉམ་རོགས་ལས་སྡེ་ཚུ་གིས་ ལག་ལེན་མི་འཐབ་དོ་ཡོདཔ་ད་ དེ་ཡང་ གུ་གཱལ་ལས་སྡེ་གིས་ སྤྱི་ལོ་ ༢༠༡༧ ལུ་ བཅོས་མའི་རིག་རྩལ་ལྟེ་བ་ཅིག་ རྒྱ་ནག་ལུ་ འགོ་བཙུགས་ནི་སྦེ་ གསལ་བསྒྲགས་འབད་བའི་ ལོ་ ༢ ཀྱི་ཤུལ་ལས་ རྒྱ་ནག་གིས་ བཀག་དམ་འབད་ནུག།
ད་རེས་ རྒྱ་ནག་གིས་ ནག་ཐོ་ཚུ་ནང་ བཀོད་དེ་ཡོད་པའི་ ཡུ་ཨེཛ་གི་ ཚོང་སྡེ་ཚུ་ལུ་ ཉེས་ཆད་དང་ ཚོང་འབྲེལ་བཀག་དམ་ དེ་ལས་ ཕྱི་ཁའི་ལས་མི་ཚུ་གི་ ཆོག་ཐམ་ཆ་མེད་ལ་སོགས་པའི་ བཀག་དམ་ཅན་གྱི་ ཐབས་ལམ་ལེ་ཤ་ཅིག་ར་ ལག་ལེན་འཐབ་སྲིད་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 1307
Users Yesterday : 2073
This Month : 3380
This Year : 183283
Total Users : 895099
Views Today : 2408
Total views : 2629232
Who's Online : 6