
འཇམ་དབྱངས་ཆོས་སྒྲོན་དང་ ཚེ་རིང་ལྷ་མོ།
སྤྱི་ཟླ་ ༢ པའི་ཚེས་ ༤ ལུ་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེ་གིས་ སྤྱི་ལོ་ ༢༠༢༤ ལོའི་ འབྲིང་རིམ་སློབ་གྲྭ་དང་ སྟག་རྩེ་སློབ་གྲྭ་ཆེ་བ་ཚུ་གི་ སློབ་རིམ་ ༡༠ པའི་ གཞུང་གི་ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཚུ་ གསལ་བསྒྲགས་འབད་ཡི།
དེ་ཡང་ གཞུང་གི་སློབ་གྲྭ་ ༡༣༥ དང་ སྒེར་གྱི་སློབ་གྲྭ་ ༩ འབདཝ་ད་ སློབ་གྲྭ་བསྡོམས་ ༡༤༤ ལས་ སློབ་རིམ་ ༡༠ པའི་ གཞུང་གི་ཆོས་རྒྱུགས་ཀྱི་དོན་ལུ་ སློབ་ཕྲུག་ ༩,༠༩༡ གིས་ ཐོ་བཀོད་འབད་བའི་གྲས་ལས་ སློབ་ཕྲུག་ ༨,༩༩༠ གིས་ ཆོས་རྒྱུགས་ཕུལ་ནུག།
ད་རེས་ གསལ་བསྒྲགས་འབད་མི་ ཆོས་རྒྱུགས་ཀྱི་ མཐར་འཁྱོལ་གྲུབ་འབྲས་ བརྒྱ་ཆ་ ༧༥.༥༦ ཐོན་མི་དེ་ སྤྱི་ལོ་ ༢༠༢༣ དང་ཕྱདཔ་ད་ བརྒྱ་ཆ་ ༠.༧༨ དེ་ཅིག་ ཡར་སེང་སོང་ཡོད་མི་དེ་ཡང་ འདས་པའི་ལོ་ནང་ མཐར་འཁྱོལ་གྲུབ་འབྲས་ བརྒྱ་ཆ་ ༧༣.༧༨ ཨིན་པས།
སློབ་རིམ་ ༡༠ པའི་ གཞུང་གི་ཆོས་རྒྱུགས་ནང་ལས་ ཐིམ་ཕུ་གཟི་ལུང་ཁ་ འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་ བཀྲ་ཤིས་དོན་གྲུབ་ཀྱིས་ སྐུགས་ཚད་བརྒྱ་ཆ་ ༩༥ ཐོབ་སྟེ་ ཨང་དང་པ་ ཐོན་ཡོད་ཡོདཔ་ད་ བློ་གསལ་གླིང་ འབྲིང་རིམ་སློབ་གྲྭ་འོག་མའི་སློབ་ཕྲུག་ བཙན་སྐྱོགས་དངོས་གྲུབ་ཀྱིས་ སྐུགས་ཚད་བརྒྱ་ཆ་ ༩༤.༤༠ ཐོབ་སྟེ་ ཨང་ ༢ པ་དང་ བཀྲིས་སྒང་ རང་འབྱུང་སློབ་གྲྭ་ལྟེ་བའི་སློབ་ཕྲུག་ ལྷ་དབང་མཚོ་སྐྱིད་ཀྱིས་ སྐུགས་ཚད་བརྒྱ་ཆ་ ༩༤ ཐོབ་སྟེ་ ཨང་ ༣ པ་ཐོན་ནུག།
དེ་བཟུམ་སྦེ་ སྟག་རྩེ་སློབ་གྲྭ་ཆེ་བའི་ནང་ལས་ ཆོས་རྒྱུགས་ཕུལ་མི་ སློབ་ཕྲུག་ ༡༨ པོ་ག་ར་གིས་ སློབ་རིམ་ ༡༠ པའི་ ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་ཡོདཔ་ཨིན་པས།
དེ་ཡང་ སློབ་གྲྭ་དེ་ནང་ལས་ རིན་ཆེན་རྣམ་རྒྱལ་དབང་ཕྱུག་གིས་ སྐུགས་ཚད་བརྒྱ་ཆ་ ༨༧.༢ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ད་ དབང་རྒྱལ་མཚན་གྱིས་ སྐུགས་ཚད་བརྒྱ་ཆ་ ༨༥ ཐོབ་སྟེ་ ཨང་ ༢ པ་དང་ ཚེ་རིང་ལྷ་སྒྲོན་གྱིས་ སྐུགས་ཚད་བརྒྱ་ཆ་ ༨༣.༨ ཐོབ་སྟེ་ ཨང་ ༣ པ་ཐོན་ནུག།
ད་རེས་ ཆོས་རྒྱུགས་ཀྱི་ མཐར་འཁྱོལ་གྲུབ་འབྲས་ བརྒྱ་ཆ་ ༡༠༠ ཨིན་དེ་ སྤྱི་ལོ་ ༢༠༢༣ དང་ཕྱདཔ་ད་ བརྒྱ་ཆ་ ༡༢.༣༣ ཡར་སེང་སོང་ཡོདཔ་ད་ དེ་ཡང ་འདས་པའི་ལོ་ནང་ མཐར་འཁྱོལ་གྲུབ་འབྲས་ བརྒྱ་ཆ་ ༨༦.༦༧ ཨིན་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1391773
Views Today :
Total views : 5000
Who's Online :