
པདྨ་བཟངམོ།
སྤྱི་ལོ་ ༢༠༢༤ ལུ་ གཞུང་གི་སློབ་གྲྭ་ ༣༩༣ དང་ སྒེར་གྱི་སློབ་གྲྭ་ ༡༦ འབདཝ་ད་ སློབ་གྲྭ་བསྡོམས་ ༤༠༩ གི་ནང་ལས་ སློབ་རིམ་ ༦ པའི་ གཞུང་གི་ཆོས་རྒྱུགས་ཀྱི་དོན་ལུ་ སློབ་ཕྲུག་ཡོངས་བསྡོམས་ ༡༣,༨༦༦ གིས་ ཐོབཀོད་འབད་མིའི་གྲས་ལས་ སློབ་ཕྲུག་ ༡༣,༧༩༢ ཀྱིས་ ཆོས་རྒྱུགས་ཕུལ་ནུག།
དེ་ཡང་ སྤྱི་ཟླ་ ༢ པའི་ཚེས་ ༤ ལུ་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེ་གིས་ ཆོས་རྒྱུགས་ཀྱི་གྲུབ་འབྲས་ གསལ་བསྒྲགས་འབད་མིའི་ནང་ མཐར་འཁྱོལ་གྲུབ་འབྲས་ བརྒྱ་ཆ་ ༧༧.༣ ཨིན་མི་དེ་ ཧེ་མའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་ ༤.༩༤ གིས་ ཡར་སེང་སོང་ཡོདཔ་སྦེ་ཨིནམ་ད་ དེ་ཡང་ འདས་པའི་ལོ་ནང་ མཐར་འཁྱོལ་གྲུབ་འབྲས་ བརྒྱ་ཆ་ ༧༢.༣༩ ཨིན་པས།
སློབ་རིམ་ ༦ པའི་ ཆོས་རྒྱུགས་ནང་ལས་ སློབ་ཕྲུག་ ༤ གིས་ སྐུགས་ཚད་བརྒྱ་ཆ་ ༩༥.༥ རེ་ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ད་ དེ་ཡང་ མོ་ཤི་འབྲིང་རིམ་སློབ་གྲྭའི་ནང་ལས་ བཀྲ་ཤིས་སྒྲོལ་མ་དང་ དར་ལ་སློབ་གྲྭ་ཆེ་བའི་ནང་ལས་ དི་རིཛ་ཏི་ས་མཱལ་ རིན་ཆེན་ཀུན་ཕན་སློབ་གྲྭའི་ནང་ལས་ རྟ་མགྲིན་མཚོ་མོ་གསལ་སྒྲོན་ བདེ་ཆེན་ཆོས་གླིང་སློབ་གྲྭའི་ནང་ལས་ འཇམ་གསལ་འཇིགས་མེད་གསལ་སྒྲོན་ཚུ་ཨིན་པས།
དེ་བཟུམ་སྦེ་ མཁན་གྲུབ་ཐང་འབྲིང་རིམ་སློབ་གྲྭའི་ནང་ལས་ ཚེ་དབང་ཡིད་རྒྱལ་རིག་འཛིན་དང་ དར་དཀར་དཔལ་ལ་ འབྲིང་རིམ་སློབ་གྲྭའི་ནང་ལས་ ཡིད་འོང་བསོད་ནམས་པདྨ་ ༢ ཀྱིས་ སྐུགས་ཚད་བརྒྱ་ཆ་ ༩༤.༧༥ རེ་ཐོབ་སྟེ་ ཨང་ ༢ པ་ཐོན་ནུག།
དེ་ལས་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭའི་ནང་ལས་ ཨ་དིབ་ཤར་མ་དང་ དར་དཀར་དཔལ་ལ་ འབྲིང་རིམ་སློབ་གྲྭའི་ནང་ལས་ སུ་དི་པ་ཆེད་ཏི་རི་ ལྕང་རིག་འཕེལ་སློབ་གྲྭ་ཆུང་བ་ལས་ ཨ་དི་ཏི་ བྷ་ཊ་རའི་ ༣ གྱིས་ སྐུགས་ཚད་བརྒྱ་ཆ་ ༩༤.༥ རེ་ཐོབ་སྟེ་ ཨང་ ༣ པ་ ཐོན་ཡོད་པའི་གནས་ཚུལ།




Users Today : 435
Users Yesterday : 2073
This Month : 2508
This Year : 182411
Total Users : 894227
Views Today : 576
Total views : 2627400
Who's Online : 5