བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཝང་ཕུག་རྒེད་འོག་གི་ ལོ་བསྟར་ཚེས་བཅུ།

འཇམ་དབྱངས་ཆོས་སྒྲོན།
རང་ཟླ ༡༢ པའི་ཚེས་ ༡༠ སྤྱི་ཟླ ༢ པའི་ཚེས་ ༧ ལུ་ བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་གི་ ལོ་བསྟར་ཚེས་བཅུ་དེ་ གུ་རུ་མཚན་བརྒྱད་ཀྱི་ སྐུ་འཆམ་དང་བཅསཔ་སྦེ་ གྲོལ་ཡོདཔ་ད་ དེ་བསྒང་ ཚེས་བཅུ་མཇལ་བར་ མི་སེར་སྟོང་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ཡོདཔ་ཨིན་པས།
དེ་ཡང་ ཉིན་གྲངས་ ༤ གི་ ཝང་ཕུག་ཚེས་བཅུ་དེ་ རང་ཟླ་ ༡༢ པའི་ཚེས་ ༧ ལས་ རྒེད་འོག་གི་ རྟེན་འབྲེལ་ཐག་ནང་སྦེ་ འགོ་བཙུགས་ཡོདཔ་ད་ དེ་བསྒང་ སྐུ་འཆམ་གཙོ་བོ་ ཕུར་འཆམ་དང་ དགྲ་མེད་རྩེའི་རྔ་འཆམ་ རཀྵ་དམངས་འཆམ་ཚུ་གི་ མཇལ་ཁ་གནང་ནུག།
ཚེས་བཅུ་དེ་ སྤྱི་ལོ་ ༢༠༡༥ ལུ་ སྔར་སྲོལ་ལམ་ལུགས་བཟང་པོ་ཚུ་ མི་ཉམས་རྒྱུན་སྐྱོང་ཐོག་ལས་ གོང་འཕེལ་བཏང་ཐབས་ལུ་ རྒེད་འོག་བདག་སྐྱོང་གིས་ འགོ་བཙུགས་ཡོདཔ་ད་ དུས་ཅི་ ཚེས་བཅུ་དེ་ ཨོམ་ཟོར་དགོན་པའི་ ཏིང་འཛིན་འདྲ་བ་ཆོས་ཚོགས་དང་ རྒེད་འོག་བདག་སྐྱོང་ ༢ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཚེས་བཅུའི་སྐབས་ལུ་ ཉིན་བསྟར་བཞིན་དུ་ དྲོ་པའི་ཆུ་ཚོད་ ༣ ལས་ ཚེས་བཅུའི་ཆོ་ག་ཚུ་ གནང་ཡོདཔ་མ་ཚད་ ཕྱི་རུའི་ཆུ་ཚོད་ ༥ ལས་ མི་དབང་མངའ་བདག་རིན་པོ་ཆེ་ ཡབ་མེས་སྲས་གསུམ་དང་ རྒྱལ་ཁབ་ཀྱི་དོན་ལུ་ སྐུ་རིམ་ཚུ་ཡང་གནང་ནུག།
དེ་བཟུམ་མའི་ ཚེས་བཅུའི་གར་འཆམ་ཚུ་ དད་མོས་ཀྱི་སྒོ་ལས་ མཇལ་བ་ཅིན་ ཚེ་འདི་ཁར་ བར་ཆད་བསལ་ནི་དང་ ཚེ་ཕྱི་མར་ སངས་རྒྱས་ཀྱི་ཞིང་ཁམས་ལུ་ སྐྱེ་ནི་གི་ ས་བོན་ཐོབ་ཚུགས་པའི་ཁར་ མ་འོངས་པའི་ ན་གཞོན་ཚུ་གིས་ཡང་ རང་གི་ལམ་ལུགས་སྲོལ་ཚུ་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་པའི་ ཕན་ཐོགས་ཡོད་ཟེར་ ཝང་ཕུག་དམངས་མི་གིས་ བཤདཔ་ཨིན་པའི་གནས་ཚུལ།

Please follow and like us: