
འབྲུག་རྒྱལ་ཡོངས་གློག་བརྙན་གྱི་ ལོ་བསྟར་དུས་སྟོན་དེ་ དུས་ཅི་ལས་ འགོ་བཙུགས་ཏེ་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གྱིས་ འབྲུག་གློག་བརྙན་ཚོགས་པ་དང་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིན་པས།
དེ་ཡང་ ད་ལས་ཕར་ ལོ་བསྟར་བཞིན་དུ་ སྤྱི་ཟླ་ ༢ པའི་ཚེས་ ༢༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་ཞུཝ་དང་འབྲེལ་དེ་ འགོ་འདྲེན་འཐབ་ནི་སྦེ་ བཟོ་ཡོདཔ་ཨིན་པས།
འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གྱི་མདོ་ཆེན་ འཇིགས་མེད་དབང་འདུས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ གསོལ་རས་ཀྱི་ རྗེས་ཤུལ་དམིགས་ཡུལ་དེ་ གཙོ་བོ་ར་ དྭངས་གསལ་དང་ དྲང་བདེན་ འགན་འཁྲི་ཅན་སྦེ་ བཟོ་ཐབས་ལུ་ཨིནམ་ལས་ དུས་སྟོན་དེ་གི་ ཟད་འགྲོ་ཚུ་ཡང་ གཞུང་གི་ཁ་ཐུག་ལས་བཏང་ཏེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
དེ་སྦེ་ གཞུང་གི་ཁ་ཐུག་ལས་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ འདས་པའི་ལོ་ཚུ་ནང་ འབྲུག་གློག་བརྙན་ཚོགས་པ་གིས་ འགོ་འདྲེན་འཐབ་པའི་སྐབས་ལུ་ ཕྱོགས་ལྷུང་དང་ ངན་ལྷད་ བྲེལ་ཟིང་ཚུ་ ལེ་ཤ་ཅིག་ ཐོན་པ་ལུ་བརྟེན་ཏེ་ཨིན་པས།
སྤྱི་ཟླ་ ༢ པའི་ཚེས་ ༥ ལུ་ མི་དབང་རྒྱལ་སྲས་མཆོག་ དགུང་ལོ་ ༩ བཞེས་པའི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་དང་འབྲེལ་ཏེ་ དུས་སྟོན་དེ་གི་ ལས་རྟགས་དང་ རྒྱལ་རྟགས་ཚུ་ འགོ་འབྱེད་འབད་ཡོདཔ་ད་ ལས་རྟགས་དེ་ མི་མང་འགྲན་བསྡུར་ཐོག་ལས་ བཟོ་བཀོད་འབད་དེ་ གསར་བཏོད་འབད་ནུག།
དུས་སྟོན་ལས་རིམ་དེ་ དྭངས་གསལ་ཅན་དང་ དྲང་བདེན་བཟོ་ཐབས་ལུ་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གྱིས་ ལམ་སྟོན་ཚུ་ བསྒྱུར་བཅོས་འབད་བའི་ཁར་ སྐུགས་དཔོན་ཚུ་ཡང་ ཁེ་ཕན་ལྟག་སྤྲོད་མེདཔ་སྦེ་ བཟོ་ནི་ཨིན་པས།
དེ་བཟུམ་མའི་ དུས་སྟོན་ལས་རིམ་ འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ འབྲུག་པའི་འཁྲབ་རྩེདཔ་ཚུ་ལུ་ སེམས་ཤུགས་ཐོབ་ཐབས་ལུ་དང་ མ་འོངས་གློག་བརྙན་བཟོ་མི་ཚུ་གིས་ སྤྲོ་བ་བསྐྱེད་ཐབས་ལུ་ཨིནམ་མ་ཚད་ གློག་བརྙན་འཁྲབ་རྩེདཔ་ཚུ་གི་ ལྕོགས་གྲུབ་དང་ གསར་བཏོད་ ཁྱད་རིག་ཚུ་ཡང་ ཡར་རྒྱས་གཏང་ཐབས་ལུ་ཨིན་པའི་གནས་ཚུལ།






Users Today : 637
Users Yesterday : 1364
This Month : 637
This Year : 180540
Total Users : 892356
Views Today : 1160
Total views : 2624461
Who's Online : 7