བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་གི་ ཆོས་ཚན་དེ་ བཀོད་ཚོགས་ཆོས་རྒྱུགས་ཀྱི་གྲངས་སུ་ བསྐྱར་འཛུགས་འབད་ནི།

པདྨ་བཟངམོ།
གཞུང་གི་ཁ་ཐུག་ལས་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་གི་ ཆོས་ཚན་དེ་ སློབ་རིམ་ ༡༢ པའི་ བཀོད་ཚོགས་ཆོས་རྒྱུགས་ནང་ བསྐྱར་འཛུགས་འབད་ནི་གི་ གྲོས་ཆོད་བྱུང་ནུག།
དེ་ཡང་ སྤྱི་ཟླ་ ༢ པའི་ཚེས་ ༧ ལུ་ གནས་ཚུལ་ཞལ་འཛོམས་ནང་ ཤེས་རིག་དང་ རིག་རྩལ་གོང་འཕེལ་བློན་པོ་ ཡིད་བཟང་ཌི་ཐཱ་པ་གིས་ གསལ་བསྒྲགས་གནང་ཡོདཔ་ད་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་དེ་ བློ་གསར་སློབ་རིམ་ལས་ སློབ་རིམ་ ༡༢ པ་ཚུན་གྱི་བར་ན་ ངེས་པར་དུ་ ལྷབ་སྦྱང་འབད་དགོ་པའི་ ཆོས་ཚན་ཅིག་ཨིན་རུང་ སློབ་རིམ་ ༡༢ པའི་ བཀོད་ཚོགས་ཆོས་རྒྱུགས་ནང་ལས་ བཏོན་ཡོདཔ་སྦེ་ཨིན་པས།
བློན་པོ་གིས་ ཤེས་རིག་གི་ འབྱུང་རབས་ནང་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་དེ་ ཆོས་རྒྱུགས་བཀལ་མ་དགོ་པའི་ ཆོས་ཚན་ཅིག་སྦེ་ བཞག་ནི་གི་ གྲོས་ཆོད་དེ་ཡང་ སློབ་ཕྲུག་ཚུ་ལུ་ དགོས་མཁོ་ཡོད་པའི་ འཕྲུལ་རིག་གི་ཉམས་མྱོང་ བྱ་སྟབས་བདེ་ཏོག་ཏོ་སྦེ་ ལུགས་མཐུན་གྱི་ ཨེབ་ཤུགས་མེད་པར་ འཐོབ་ཐབས་ལུ་ཨིན་ ཟེར་གསུངས་ཡི།
ད་རེས་འབདཝ་ད་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་དེ་ ཨང་གནས་ཅན་གྱི་ འཛམ་གླིང་ནང་ མ་འོངས་པའི་ ཚེ་གཡོག་གི་དོན་ལས་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ འཕྲུལ་རིག་གི་ ལྕོགས་གྲུབ་ཡོད་དགོཔ་ གལ་ཆེཝ་ལས་ རྩ་གཞུང་བཙན་ཐབས་ལུ་ གཞུང་གིས་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་གི་ ཤེས་ཡོན་དེ་ རྒྱ་སྐྱེད་ཐོག་ལས་ བཅོས་མའི་རིག་རྩལ་དང་ འཕྲུལ་མིའི་རིག་རྩལ་ཚུ་བཟུམ་མའི་ ཐོན་རིམ་ཅན་གྱི་ འཕྲུལ་རིག་ཚུ་ ནང་སྡེབས་འབད་དགོ་མི་དེ་ཡང་ སློབ་ཕྲུག་ཚུ་ལུ་ དེང་སང་ འཕྲུལ་རིག་གི་ གོམས་འདྲིས་ཚུད་ནི་གིས་མ་ཚད་ མ་འོངས་པའི་ འཕྲུལ་རིག་གསར་བཏོད་ཚུ་ནང་ཡང་ འགོ་ཁྲིད་འབད་ཚུགས་པའི་ ཉམས་མྱོང་ཚུ་ འཐོབ་ནི་ཨིན་ཟེར་ གསུངསམ་ཨིན་པས།
ད་རེས་ སློབ་རིམ་ ༡༡ པ་དང་ ༡༢ པའི་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་གི་ ཆོས་ཚན་ནང་ གློག་རིག་ཐོག་གི་ དཔེ་བསྐྲུན་དང་ མཉེན་ཆས་ཀྱི་ ལས་རིམ་བཟོ་སྒྲིག་ གནད་སྡུད་ཐོ་གཞུང་འཛིན་སྐྱོང་ དེ་ལས་ ཡོངས་འབྲེལ་ཐོག་གི་ གནད་སྡུད་གསལ་བཤད་ཚུ་ ཚུད་དོ་ཡོདཔ་ད་ བློན་པོ་གིས་ དེ་བཟུམ་མའི་ གཞི་རིམ་རིག་རྩལ་ཚུ་ བཅོས་མའི་རིག་རྩལ་དང་ འཕྲུལ་མིའི་རིག་རྩལ་ལ་སོགས་པ་ཚུ་ ནང་སྡེབས་འབད་དེ་ ཡར་དྲག་གཏང་ཐོག་ལས་ འགྱུར་ལྡོག་ཅན་གྱི་ འཕྲུལ་རིག་གནས་སྟངས་ནང་ ལཱ་འབད་ནི་ལུ་ གྲ་སྒྲིག་བཟོ་ནི་ཨིན་ཟེར་གསུངས་ཡི།
བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་ ཡར་དྲག་གི་ཐབས་ལམ་ཚུ་ རིམ་པ་བཞིན་དུ་ ལག་ལེན་འཐབ་ནི་དེ་གིས་ འཛམ་གླིང་ནང་ འགྱུར་བ་མགྱོགས་དྲགས་འཐོན་པའི་ གནས་སྐབས་ནང་ལུ་ འཕྲུལ་རིག་ཤེས་ཡོན་གྱི་ གཞི་འགྱམ་སྒྲིང་སྒྲིང་བཙུགས་ནི་དང་ འཕྲུལ་རིག་གི་ དགོས་མཁོ་ཚུ་ རྩ་གཞུང་བདེ་སྒྲིག་ཐོག་ལས་ འགྲུབ་ཚུགས་ནི་ཨིན་མི་དེ་གིས་ སློབ་ཕྲུག་ཚུ་གིས་ འཕྲུལ་རིག་ལུ་བརྟེན་པའི་ དཔལ་འབྱོར་ནང་ ཁེ་འབབ་ཅན་སྦེ་ གནས་ཚུགས་ཟེར་ཨིན་པས།
དེ་སྦེ་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་གི་ ཆོས་ཚན་སྒྱུར་བཅོས་འབད་མི་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ རྒྱལ་ཁབ་ནང་ གསར་བཏོད་ལུ་བརྟེན་པའི་ དཔལ་འབྱོར་ཡར་འཕར་ཚུ་བཟུམ་མའི་ འབྲུག་གི་གོང་འཕེལ་གྱི་ དམིགས་དོན་ཚུ་དང་ཡང་ འབྲེལ་བ་ཡོད་ཟེར་གསུངས་ཡི།
བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་གི་ ཆོས་ཚན་དེ་ བཀོད་ཚོགས་ཆོས་རྒྱུགས་ནང་ བསྐྱར་འཛུགས་འབད་དགོ་མི་དེ་ ལྷན་ཁག་གི་ཁ་ཐུག་ལས་ རིམ་པ་བཞིན་དུ་ སློབ་རིམ་ག་རའི་ནང་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་གི་ ཆོས་རྒྱུགས་བཀལ་དགོཔ་ བཟོ་ནི་སྦེ་ཡོད་པའི་ འཆར་གཞི་དང་བསྟུན་ཏེ་ཨིནམ་སྦེ་ཡང་ གསུངསམ་ ཨིན་པས།
ཧེ་མ་འབད་བ་ཅིན་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་གི་ བརྟག་དཔྱད་ཚུ་ སློབ་རིམ་ ༦ པ་དང་ ༨ པ་ དེ་ལས་ ༡༠ པ་ཚུ་གི་དོན་ལུ་ ལག་ལེན་འཐབ་ཡོད་རུང་ ད་ལས་ཕར་ སློབ་རིམ་ ༡༢ པ་ལུ་ཡང་ ཁྱབ་ཚད་སྤེལ་ནི་ཨིན་ཟེར་ གསུངས་ཡོད་པའི་གནས་ཚུལ།

Please follow and like us: