
བི་བི་སི།
སྤྱི་ཟླ་ ༢ པའི་ཚེས་ ༡༣ ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་རྒྱལ་སྤྱི་གོང་འཕེལ་ལས་སྡེའི་ལཱ་ཚུ་ སྲིད་འཛིན་ཊཱམ་གྱིས་ མཚམས་འཇོག་འབད་དེ་ བཞག་ཡོདཔ་ལས་ རྒྱལ་ཁབ་གཞན་ཚུ་ལུ་ ཌོ་ལར་ཐེར་འབུམ་ལས་བཅད་དེ་ གྲོགས་རམ་མ་ཐོབ་པར་ ནད་གཞི་ཨེཆ་ཨའི་ཝི་དང་ རྩ་སྐམ་ནད་གཞི་ དམར་ཅུམ་ དེ་ལས་ བྱ་ནད་ལ་སོགས་པ་ཚུ་གི་ སྨན་བཅོས་ལུ་ གནོད་པ་བྱུང་སྟེ་ཡོད་ཟེར་ཨིན་པས།
དེ་ཡང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ་རྒྱལ་སྤྱི་གོང་འཕེལ་ལས་སྡེའི་ ཟད་འགྲོ་ཚུ་ ར་ཁུངས་བཀལ་མ་ཚུགས་པའི་་ གཞི་ཅིག་ཨིན་ལུགས་ཀྱི་ ཉོག་བཤད་ཐོག་ལུ་ སྒོ་བསྡམ་ནི་གི་ ཐབས་ཤེས་ཚུ་ སྒྲིག་དོ་ཡོདཔ་ཨིན་པས།
ཨིན་རུང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་གཙོ་འཛིན་ ཌོག་ཊར་ཏེར་ཌོཛ་ ཨ་ད་ནོམ་ གེ་བེར་ཡི་སུཛ་གིས་ སྲིད་འཛིན་ཊཱམ་གྱི་གཞུང་ལུ་ ཡུ་ཨེཛ་རྒྱལ་སྤྱི་གོང་འཕེལ་ལས་སྡེའི་ དཀའ་ངལ་ཚུ་ བསལ་མ་ཚར་གྱི་རིང་ལུ་ གྲོགས་རམ་མ་དངུལ་ཚུ་ འཕྲོ་མཐུད་དེ་ར་ འཛིན་གྲོལ་་གནང་དགོ་པའི་ ནན་སྐུལ་འབད་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ ༥༠ ལུ་ ཨེཆ་ཨའི་ཝིའི་ སྨན་བཅོས་དང་ ཞབས་ཏོག་གཞན་གྱི་རིགས་ལུ་ ཐོགས་ཆག་བྱུང་ནི་དེ་གིས་ཨིན་པས།
དེ་བཟུམ་མའི་ དཀའ་ངལ་བྱུང་མི་དེ་ གཙོ་བོ་ར་ འཕྲལ་ཁམས་ཅིག་ཁར་ སྲིད་འཛིན་ཊཱམ་གྱིས་ ལས་གཡོགཔ་ ༡༠,༠༠༠ དེ་ཅིག་ཡོད་མི་ ཡུ་ཨེཛ་རྒྱལ་སྤྱི་གོང་འཕེལ་ལས་སྡེའི་ ལས་གཡོགཔ་དང་ ལས་རིམ་ལེ་ཤ་ཅིག་ མཚམས་འཇོག་འབད་བ་ལུ་བརྟེན་ཏེ་ཨིན་པས།
ལས་སྡེ་དེ་གིས་ འགྲོ་བ་མིའི་གྲོགས་རམ་ལུ་ གསོ་བའི་ལས་རིམ་ཚུ་གི་དོན་ལས་ ལོ་བསྟར་བཞིན་དུ་ ཌོ་ལར་ཐེར་འབུམ་ ༤༠ དེ་རེ་ ཟད་འགྲོ་བཏང་དོ་ཡོད་མིའི་ནང་ལས་ འབོར་ཆེ་ཤོས་ར་ ཨེ་ཤི་ཡ་དང་ ཨ་ཕི་རི་ཀའི་དོན་ལུ་ གཏང་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།



Users Today : 3127
Users Yesterday : 3320
This Month : 93571
This Year : 389537
Total Users : 1101353
Views Today : 5211
Total views : 3076271
Who's Online : 28