མི་དབང་རྒྱལ་སྲསམོ་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཨཱཛ་ཊེ་ལི་ཡ་ལུ་ བདེ་སྐྱིད་གྲོས་གླེང་ནང་དབུ་བཞུགས།

ཚེ་རིང་ལྷ་མོ།
སྤྱི་ཟླ་ ༢ པའི་ཚེས་ ༡༣ ལུ་ ཨཱཛ་ཊེ་ལི་ཡའི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བ་གིས་ འགོ་འདྲེན་འཐབ་མི་ བདེ་སྐྱིད་ཀྱི་ གྲོས་གླེང་རིམ་ལུགས་ནང་ མི་དབང་རྒྱལ་སྲསམོ་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ འབྲུག་དང་ ཨཱཛ་ཊེ་ལི་ཡའི་བར་ན་ མཐུན་ལམ་དམ་ཟབ་ཡོད་མི་དང་ དེང་སང་གི་ དོ་འགྲན་ཚུ་ བསལ་ཐབས་ལུ་ རྒྱལ་སྤྱིའི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བ་ཚུ་གིས་ གལ་གནད་ཆེ་བའི་ འགན་ཁུར་ཚུ་གི་སྐོར་ལས་ གསུངས་གནང་ནུག།
དེ་ཡང་ མེལ་བཱོན་ལུ་ འགོ་འདྲེན་འཐབ་མི་ ལས་རིམ་དེ་ནང་ མི་དབང་རྒྱལ་སྲསམོ་མཆོག་གིས་ འཛམ་གླིང་ནང་ བདེ་སྐྱིད་ལས་བརྒྱུད་པའི་ ཡར་འཕེལ་མདུན་བསྐྱོད་ཀྱི་ རེ་འདུན་བསྐྱེདཔ་ཨིན་ཟེར་ གསུངས་གནང་པའི་ཁར་ མི་སྡེའི་མདུན་བསྐྱོད་ངོ་མ་དེ་ཡང་ ངོ་རྐྱང་དང་ བཟའ་ཚང་ དེ་ལས་ མི་སྡེ་བཅས་ཀྱི་ ནང་འཁོད་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་གུ་ གཞི་བརྟེན་འབད་དགོ་ཟེར་ གསུངས་གནང་ཡོདཔ་ཨིན་པས།
ལས་རིམ་དེ་ནང་ མི་དབང་རྒྱལ་ཡུམ་ ཚེ་རིང་པདྨོ་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་སྲསམོ་ འཆི་མེད་གཡང་འཛོམས་དབང་ཕྱུག་ མི་དབང་རྒྱལ་སྲས་ ཨྱོན་འཇིགས་མེད་དབང་ཕྱུག་ཚུ་གིས་ཡང་ གྲལ་གཏོགས་མཛད་གནང་ནུག།
ཨཱཛ་ཊེ་ལི་ཡའི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བ་དེ་ ན་ཧིང་ སྤྱི་ཟླ་ ༨ པའི་ནང་ གཞི་བཙུགས་འབད་ཡོདཔ་ད་ དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དེ་ འབྲུག་རྒྱལ་ཁབ་ཀྱི་ཕྱི་ཁར་ གོང་འཕེལ་གྱི་དོན་ལུ་ འབྲུག་གི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བའི་ ཡན་ལག་སྦེ་ རྒྱལ་སྤྱིའི་གནས་རིམ་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བ་ ༣ པ་ཨིན་པའི་གནས་ཚུལ།

Please follow and like us: