དབང་འདུས་ཕོ་བྲང་ རིན་ཆེན་སྒང་གཡུས་ཚན་ནང་ དགྲ་ལྷ་དཔངས་བསྟོད་ལུ་ ལོ་བསྟར་གསོལ་ཁ།

པདྨ་བཟངམོ།
རང་ཟླ་ ༡༢ པའི་ཚེས་ ༡༥ ལུ་ དབང་འདུས་རྫོང་ཁག་ ཐད་འཚོ་རྒེད་འོག་ གཡུས་རིན་ཆེན་སྒང་ལུ་ ལོ་བསྟར་འགོ་འདྲེན་འཐབ་སྲོལ་ཡོད་མི་ དགྲ་ལྷ་མཆོད་ཡོདཔ་ད་ དེ་ཡང་ ང་བཅས་ལུ་ རྒྱབ་དང་ དཔུང་གཉེན་དང་ གདོང་གྲོགས་ཚུ་མཛད་མི་ ཆོས་སྐྱོང་སྲུང་མ་ཅིག་ཨིན་པས།
དགྲ་ལྷ་ལུ་ ལྷམ་པ་མ་འདྲཝ་ ༩ ཡོདཔ་ད་ གཡུས་ཚན་དེ་ནང་ བརྩི་སྲུང་ཞུ་སྲོལ་ཡོད་མི་ དགྲ་ལྷ་དེ་ གླིང་གེ་སར་རྒྱལ་པོའི་ ལྷ་ཚོགས་ཅིག་ཨིན་མི་ དགྲ་ལྷ་དཔངས་བསྟོད་ཨིན་མས།
དགྲ་ལྷ་དེ་ དུས་རབས་ ༡༢ པའི་ནང་ལས་ར་ མཆོད་དོ་ཡོདཔ་ད་ དེ་ཡང་ ཧེ་མར་ གཡུས་ཀྱི་ལྟག་ལུ་ཡོད་མི་ ས་གནས་ཁུག་བྱུག་ལ་ཟེར་སར་ བླམ་ངག་དབང་ཆོས་རྒྱལ་གྱིས་ གདན་ས་བཏབ་གནང་པའི་ཤུལ་ལས་ དགྲ་ལྷ་དེ་ ས་གནས་དེ་ཁར་ མཆོད་ཡོད་རུང་ ཤུལ་ལས་ བླམ་ངག་དབང་ཆོས་རྒྱལ་ཀྱིས་ གཡུས་ཚན་དེ་ཁར་ མཆོད་དགོཔ་སྦེ་ གསུངསམ་བཞིན་དུ་ ད་ལྟོའི་བར་ན་ཡང་ སྤྲོ་བ་དང་ དག་སྣང་ བརྩི་མཐོང་ཚུ་བསྐྱེད་དེ་ བརྩ་སྲུང་ཞུཝ་ཨིན་མས།
དགྲ་ལྷ་དེ་ མ་མཆོད་པའི་ཧེ་མར་ ཚེས་ ༡༠ ལུ་ གཡུས་ཀྱི་ལྟག་ལུ་ སྤང་ཅིག་ཡོད་མི་དེ་ཁར་ དཀར་ཕྱོགས་སྐྱོང་བའི་ ལྷ་ཆོས་སྐྱོང་སྲུང་མ་ཚུ་ལུ་ གཏོར་མ་དང་ ཚོགས་མཆོད་ཚུ་ཕུལ་ཏེ་ གཟེངས་བསྟོད་ཞུཝ་ཨིན་མས།
དེ་ལས་ ཚེས་ ༡༥ གི་དྲོ་པར་ དགྲ་ལྷ་བཞུགས་ཁང་ནང་སྦེ་ གསོལ་ཁ་ཕུལ་ཞིནམ་ལས་ རྒྱལ་ཁབ་ནང་ རྐྱེན་ངན་བར་ཆད་དང་ ནད་ཡམས་མུ་གེ་ཚུ་མེད་པར་ སྔར་བ་ལྷག་པའི་ གོང་ཕེལ་འགྱོ་བཅུག་ཟེར་བའི་ སྨོན་ལམ་དང་ ལྷག་པར་དུ་ གཡུས་སྒོ་དེ་ནང་ འགལ་རྐྱེན་བར་ཆད་ཚུ་ ག་ནི་ཡང་མེད་པར་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་ གནས་བཅུག་ཟེར་བའི་ སྨོན་ལམ་ཚུ་ཡང་ བཏབ་དོ་ཡོདཔ་ཨིན་མས།
དགྲ་ལྷ་དེ་ གཡུས་ཁའི་རྒཔོ་དང་ ཚོགས་པ་གིས་ འགོ་འདྲེན་འཐབ་སྟེ་ གཡུས་ཁའི་མི་སེར་ཚུ་ག་ར་ མཉམ་རུབ་ཐོག་ལས་ བརྩི་སྲུང་ཞུ་དོ་ཡོདཔ་ད་ ལས་རིམ་དེ་ནང་ གཡུས་ཁའི་ཕོ་སྐྱེས་ཡོད་ཚད་ཀྱིས་ བཅའ་མར་གཏོགས་ཏེ་ དམག་རྐྱབ་པར་ འགྱོ་བའི་ཚུལ་ལུ་ མགུ་ཏོག་ཁར་ ལྕགས་ཞྭམོ་བཙུགས། རྒྱབ་ཁར་དགྲ་ལི་དཔྱང་། སྐེད་པར་དཔའ་རྟག་བཏགས་ཏེ་ དགྲ་ལྷ་བསྟོད་པའི་ཚིག་ཚུ་ ཁ་ལས་སླབ་ཅི་ར་ ལག་པའི་ཕྱག་རྒྱ་དང་བཅསཔ་སྦེ་ སྒོར་སྒོརམ་སྦེ་ གསོལཝ་ཨིན་པས།
གཡུས་ཁའི་རྒཔོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྔོན་དང་ཕུ་ལས་ཡོད་མི་ ལམ་སྲོལ་བཟང་པོ་ཚུ་ ཉམས་མ་བཅུག་པར་ བདག་འཛིན་འཐབ་སྟེ་ ད་ལྟོ་ ང་བཅས་ཀྱིས་ རྩ་འགེངས་འབད་མི་ཚུ་ མ་འོངས་བུ་བརྒྱུད་ཚུ་ལུ་ རྩིས་སྤྲོད་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
དེ་བཟུམ་སྦེ་ གཡུས་ཁའི་བླམ་གིས་ཡང་ རང་གི་ཆོས་སྐྱོང་སྲུང་མ་ཚུ་ལུ་ གསོལ་མཆོད་ཚུ་ཕུལ་ཏེ་ གསོལཝ་བཏབ་པ་ཅིན་ རང་གི་བྱ་བ་ལམ་འགྲོ་ཚུ་ ལེགས་ཤོམ་འགྱོ་ནི་དང་ རང་གི་མནོ་དོན་ཚུ་ འགྲུབ་པའི་ཁར་ ཆར་ཆུ་དུས་ལུ་འབབ་ ལོ་ཕྱུགས་རྟག་ཏུ་ལེགས་ ནད་ཡམས་མུ་གེ་ཚུ་མེད་པར་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་ གནས་ཚུགས་པའི་ ཁེ་ཕན་ཡང་ཟེར་ གསུངསམ་ཨིན་པས།
དེ་བཟུམ་སྦེ་ དུས་རབས་ ༢༡ པའི་ནང་ ན་གཞོན་ཚུ་གིས་ ལམ་སྲོལ་རྙིངམ་ཚུ་ལུ་ སྤྲོ་བ་མ་བསྐྱེད་པར་ སྡོད་ནི་མིན་པར་ ན་གཞོན་ག་ར་གིས་ རྒྱལ་ཁབ་ཀྱི་ ངོ་རྟགས་བཟང་པོ་ཚུ་ ཉམས་མ་བཅུག་པའི་ཁར་ ཧེང་སྐལ་ར་ བརྩེ་བ་བསྐྱེད་དེ་ ཉམས་སྲུང་འབད་དགོཔ་དང་ དཔའ་ཉམས་བསྐྱེད་དགོཔ་འདུག་ཟེར་ ལས་རིམ་དེ་ཁར་ བཅའ་མར་གཏོགས་མི་ ན་གཞོན་བསྟན་འཛིན་གྱིས་ བཤདཔ་ཨིན་མས།
དེ་སྦེ་ རང་གི་ཆོས་སྐྱོང་སྲུང་མ་ཚུ་ལུ་ དད་མོས་ཀྱི་སྒོ་ལས་ གསོལ་ཁ་ཕུལ་ཏེ་ གསོལཝ་བཏབ་པ་ཅིན་ རང་གི་བར་ཆད་ཚུ་སེལ་ཏེ་ དགའ་སྐྱིད་དང་ལྡནམ་སྦེ་ སྡོད་ཚུགས་ནི་དང་ མ་འོངས་པའི་ ན་གཞོན་ཚུ་ལུ་ཡང་ དཔེ་བཟང་པོ་སྟོན་ཏེ་ ཧ་གོ་ཚུགསཔ་དང་ ཕན་ཐོགས་ཡོདཔ་ བཟོ་དགོ་ཟེར་ གཡུས་ཁའི་རྒན་ཤོས་ ཨཔ་ཚེ་རིང་གིས་ བཤདཔ་ཨིན་པའི་གནས་ཚུལ།

Please follow and like us: