ལྷུན་རྩེ་ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ བཙན་མཁར་དྲག་དམར་སྒྲུབ་མཆོད་གནང་ཡོདཔ།

རང་ཟླ་ ༡༢ པའི་ཚེས་ ༡༧ སྤྱི་ཟླ་ ༢ པའི་ཚེས་ ༡༤ ལུ་ བཙན་མཁར་དྲག་དམར་སྒྲུབ་མཆོད་ ཐེངས་ ༤ པ་དེ་ དངོས་གྲུབ་བླངས་ཆོག་དང་ མི་དམངས་ལུ་ ཨྱོན་མཧཱ་གུ་རུའི་ མཐོང་གྲོལ་ཆེན་མོ་དང་ སྒྲུབ་འཆམ་ཚུ་ མཇལ་ཁ་གནང་ཐོག་ལས་ བཀྲ་ཤིས་ལེགས་དཔལ་དང་བཅསཔ་སྦེ་ གྲོལ་གནང་ནུག།
དེ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་སྦེ་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ རང་ཟླ་ ༡༢ པའི་ཚེས་ ༩ སྤྱི་ཟླ་ ༢ པའི་ཚེས་ ༦ ལས་ འགོ་བཙུགས་ཏེ་ ཉིན་གྲངས་ ༩ གི་རིང་ལུ་ གནང་ཡོདཔ་ཨིན་པས།
སྒྲུབ་ཆེན་དེ་ སྤྱི་ལོ་ ༢༠༢༡ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ རྗེ་མཁན་ཁྲི་རབས་ ༧༠ པའི་ གསེར་ཁྲིར་ཕེབས་ཏེ་ མི་ལོ་ ༢༥ འཁོར་བའི་ དགའ་སྟོན་རྟེན་འབྲེལ་ བརྩི་སྲུང་དང་འབྲེལ་ཏེ་ སྤྱིར་འཛམ་བུ་གླིང་དང་ བྱེ་བྲག་ཏུ་ འབྲུག་རྒྱལ་ཁབ་ ལྷག་པར་དུ་ ཤར་རྫོང་ ༦ དང་ དམིགས་བསལ་གྱིས་ རྒེད་འོག་ ༥ གི་ སྐུ་རིམ་ལུ་དམིགས་ཏེ་ གཏན་རྩའི་མ་དངུལ་དང་ གར་འཆམ་དང་བཅསཔ་སྦེ་ གཞི་བཙུགས་གནང་ནུག།
སྒྲུབ་མཆོད་དེ་ རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་དང་ བཙན་མཁར་རྒེད་འོག་ རྒྱ་རས་རྒེད་འོག་ སྨད་མཚོ་རྒེད་འོག་ ཙཀྐ་གླིང་རྒེད་འོག་ རྩ་མང་རྒེད་འོག་ ༥ སྤྱི་མཐུན་ཐོག་ལས་ སྦྱིན་བདག་མཛད་དེ་ གནངམ་ཨིན་པའི་གནས་ཚུལ།

Please follow and like us: