
རོའི་ཊརཛ།
སྤྱི་ཟླ་ ༢ པའི་ཚེས་ ༢༠ ལུ་ ར་ཤི་ཡའི་ དམག་སྤྱི་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཧེ་མར་ ཡུ་ཀེ་རེན་གྱིས་ བཙན་དབང་འབད་མི་ ར་ཤི་ཡའི་ ལུང་ཕྱོགས་ཀཱརཛ་ཟེར་སར་ ས་ཆ་ཀི་ལོ་མི་ཊར་གྲུ་བཞི་ ༨༠༠ ལྷགཔ་ཅིག་ཡོད་མི་དེ་ ད་རེས་ ཡུ་ཀེ་རེན་གྱི་ དམག་སྡེ་ལས་ ལོག་ལེན་ཡི་ཟེར་ཨིན་པས།
དེ་ཡང་ དམག་སྲིད་སྤྱི་ཁྱབ་ སེར་གེ་རུཛ་ཀོའི་གིས་འབད་བ་ཅིན་ སྤྱི་ཟླ་ ༢ པའི་ནང་ལས་ ར་ཤི་ཡའི་ དམག་མི་ཚུ་གིས་ སྔར་བ་ལྷག་པའི་ བརྩོན་ཤུགས་བསྐྱེད་དེ་ མདུན་བསྐྱོད་ཐོག་ལུ་ ཕྱད་མདའ་རྐྱབ་ནི་དེ་གིས་ ཡུ་ཀེ་རེན་གྱི་ དམག་མི་ཚུ་ རྒྱབ་བཤུད་རྐྱབ་སྟེ་ འགྱོ་དགོཔ་ཐོནམ་ལས་ ས་ཆ་དེ་ཚུ་ ལོག་ལེན་ཚུགས་ཡོདཔ་སྦེ་ཨིན་པས།
དེ་བཟུམ་སྦེ་ ཡུ་ཀེ་རེན་གྱི་ས་གནས་ ཌོ་ནེཛ་དང་ ཛ་པོ་རི་ཞི་ཡ་ དེ་ལས་ ཁེར་སོན་ཟེར་མི་ཚུ་གི་ ས་ཆ་བརྒྱ་ཆ་ ༧༥ དེ་ཅིག་ཡང་ ཁོང་གི་དབང་ཆའི་འོག་ལུ་ བཙུགས་ཡོདཔ་མ་ཚད་ ལུ་ཧཱནཛ་ལུང་ཕྱོགས་ནང་ལས་ཡང་ ས་ཁོངས་བརྒྱ་ཆ་ ༩༩ ལྷགཔ་ཅིག་ར་ ཁོང་གིས་དབང་ཆ་འབད་དེ་ཡོད་མི་ ས་ཆ་དེ་ཚུ་ ར་ཤི་ཡའི་ ཁྲིམས་མཐུན་ས་ཆ་ལུ་ བསྒྱུར་ཏེ་ཡོདཔ་ལས་ ཡུ་ཀེ་རེན་ལུ་ རྩ་ལས་ར་ ལོག་སྤྲོད་དགོཔ་མེད་ཟེར་བཤད་ནུག།
ན་ཧིང་གི་ལོ་ནང་ ཁོང་གིས་ དམིགས་དོན་ཚུ་ གྲུབ་ཚུགསཔ་ལས་ གལ་ཆེ་བའི་ ལོ་ཅིག་ཨིནམ་ད་ ཡུ་ཀེ་རེན་གྱི་ཁ་ཐུག་ལས་ ཕྱད་མདའ་ག་དེ་སྦེ་རྐྱབ་རུང་ གནས་སྟངས་དེ་ སྒྱུར་བཅོས་གཏང་མི་ཚུགས་ཟེར་ཨིན་པས།
ད་རེས་ བྱང་ཕྱད་ཀྱི་ཁ་ཐུག་ལས་ དགོས་མཁོ་ཡོད་པའི་ མཚོན་ཆ་དང་ ལག་ཆ་ དེ་ལས་ གོ་མཚོན་གྱི་ལྡེའུ་ཚུ་ བཟོ་བསྐྲུན་འབད་མ་ཚུགས་པའི་ གནས་སྟངས་ལུ་ ལྷོད་དེ་ཡོད་ལུགས་ཡང་བཤད་ནུག།
སྤྱི་ཟླ་ ༢ པའི་ཚེས་ ༡༩ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཊཱམ་གྱིས་ཡང་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་དེ་ དབང་ཤུགས་ཅན་གྱི་ དབུ་ཁྲིདཔ་ཅིག་ཨིནམ་སྦེ་ གསུངས་པའི་ཁར་ ཟེ་ལེནཛ་ཀི་གིས་ ཞི་བདེའི་དོན་ལས་ ལཱ་དེ་ཚུ་ གང་མགྱོགས་མ་འབད་བ་ཅིན་ རྒྱལ་ཁབ་བརླག་སྟོར་ཤོར་ནི་ཨིནམ་སྦེ་ཡང་ གསུངས་ཡོདཔ་ལས་ སྲིད་འཛིན་ ༢ མ་འགྲིགས་པ་ལུ་བརྟེན་ཏེ་ ཡུ་རོབ་རྒྱལ་ཁབ་ཀྱི་ འགོ་དཔོན་ཚུ་ ཚ་གྱང་ལང་དགོཔ་ བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 1114
Users Yesterday : 1487
This Month : 38151
This Year : 218054
Total Users : 929870
Views Today : 1712
Total views : 2712913
Who's Online : 4