
འཇམ་དབྱངས་ཆོས་སྒྲོན།
སྤྱི་ཟླ་ ༢ པའི་ཚེས་ ༡༨ ལུ་ རྒྱ་གཞུང་སྐུ་ཚབ་ སུ་དྷ་ཀར་ ད་ལེ་ལ་གིས་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་ལུ་ དངུལ་ཀྲམ་ཐེར་འབུམ་ ༢.༥ གི་ དངུལ་འཛིན་ཅེག་ཅིག་ ཕུལ་ཡོདཔ་ད་ དེ་ཡང་ རྒྱ་གར་གཞུང་ལས་ འབྲུག་གཞུང་གི་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ རྒྱབ་སྐྱོར་ལུ་ འཛིན་གྲོལ་ཐེངས་ ༣ པ་ཨིན་པས།
དེ་གི་ཧེ་མར་ འཛིན་གྲོལ་ཐེངས་ ༢ ཀྱི་ནང་ འབྲུག་གཞུང་ལུ་ དངུལ་ཀྲམ་ཐེར་འབུམ་ ༥ ཕུལ་ཡོདཔ་ད་ དཔལ་འབྱོར་ལྷན་ཐབས་ལས་རིམ་དེ་ མི་སེར་གྱི་ འཚོ་རྟེན་ལུ་ ཕན་རླབས་ཆེ་བའི་ སོ་ནམ་དང་ སྒོ་ནོར་ ནང་འཁོད་བཟོ་གྲྭ་ཆུང་ཀུ་ བལྟ་བཤལ་དང་ ཚོང་ལཱ་གཞི་བཙུགས་ དེ་ལས་ བཟོ་གྲྭ་གསར་བཏོད་དང་ རིག་རྩལ་གོང་འཕེལ་ཚུ་གི་དོན་ལུ་ འབྲུག་གཞུང་གིས་ ན་ཧིང་ འགོ་བཙུགས་གནང་ནུག།
ལས་རིམ་དེ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནི་ཡོདཔ་ ངེས་གཏན་བཟོ་ཐབས་ལུ་ འཕྲོ་མཐུད་ཅན་གྱི་ བསྐྱར་ཞིབ་དང་ བལྟ་རྟོག་གི་དོན་ལས་ འབྲུག་གཞུང་གིས་ ཡིག་ཚང་ཅིག་ ལོགས་སུ་སྦེ་ར་ གཞི་བཙུགས་གནང་ཡོདཔ་ཨིན་པས།
དེ་བསྒང་ དངུལ་རྩིས་བློན་པོ་དང་ གསུང་གྲོས་ཀྱི་སྐབས་ལུ་ གཞུང་ཚབ་ད་ལེ་ལ་གིས་ རྒྱ་གར་གཞུང་གི་ཁ་ཐུག་ལས་ འབྲུག་གི་གཙོ་རིམ་དང་བསྟུན་པའི་ ལོ་ལྔའི་འཆར་གཞི་ ༡༣ པ་དང་འཁྲིལ་ཏེ་ འབྲུག་གཞུང་དང་གཅིག་ཁར་ གཡོ་བ་མེད་པའི་ མཉམ་འབྲེལ་གྱི་ ཁས་ལེན་ཡོད་ཟེར་ཨིན་པས།
བློན་པོ་ལས་སྐྱིད་རྡོ་རྗེ་གིས རྒྱ་གཞུང་གིས་ རྒྱབ་སྐྱོར་ལྷོད་མེད་མཛད་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་དང་ རྒྱ་གར་གྱི་ རྒྱབ་སྐྱོར་དེ་གིས་ འབྲུག་གི་དཔལ་འབྱོར་ བསྐྱར་གསོའི་བརྩོན་ཤུགས་ལུ་ གལ་ཆེ་བའི་ ཕན་ཐོགས་བྱུང་ཡོདཔ་སྦེ་གསུངས་ནུག།
དེ་མ་ཚད་ དཔལ་འབྱོར་ལྷན་ཐབས་ལས་རིམ་ལུ་ རྒྱབ་སྐྱོར་མཛད་མི་དེ་གིས་ དཔལ་འབྱོར་ལས་དོན་དང་ ལཱ་གཡོག་ནང་ གནད་འགག་ཅན་གྱི་ ཕན་ཐོགས་ཡང་ བྱུང་སྟེ་ཡོདཔ་སྦེ་ གསུངས་ཡོད་པའི་གནས་ཚུལ།




Users Today : 1027
Users Yesterday : 1487
This Month : 38063
This Year : 217966
Total Users : 929783
Views Today : 1570
Total views : 2712771
Who's Online : 12