
པདྨ་དབང་འདུས།
སྤྱི་ཟླ་ ༢ པའི་ཚེས་ ༡༧ ལུ་ དངུལ་རྩིས་ལྷན་ཁག་ལས་ ཁྱབ་སྤེལ་འབད་མི་ གསལ་བསྒྲགས་ཅིག་ནང་ གཞུང་གི་སྤྱི་སྤྱོད་སྣུམ་འཁོར་ཚུ་ ཚུལ་མིན་གྱི་སྒོ་ལས་ བཀོལ་སྤྱོད་འབད་དོ་ཡོད་པའི་ སྙན་ཞུ་ཚུ་ ཐོབ་ཡོདཔ་སྦེ་བཀོད་ནུག།
དེ་ཡང་ དངུལ་ཕོགས་སྒྲིག་བཀོད་བསྐྱར་བཟོའི་ བཅའ་ཁྲིམས་ ༢༠༢༢ ཅན་མ་དང་འཁྲིལཝ་ད་ ཞི་གཡོག་ནང་གི་ མཁས་མཆོག་དང་ ཁྱད་ལཱ་སྡེ་རིམ་ ༡ པ་དང་ དེ་གི་འོག་རྒྱུའི་སྡེ་རིམ་ཚུ་ལུ་ ལཱ་འགན་དང་འབྲེལ་ཏེ་ གཞུང་གི་སྣུམ་འཁོར་སྤྱོད་ནི་གི་ ཐོབ་ལམ་མེདཔ་ཨིན་རུང་ འགོ་དཔོན་ཚུ་གིས་ གཞུང་གི་སྤྱི་སྤྱོད་སྣུམ་འཁོར་ཚུ་ ལོག་སྤྱོད་འབདཝ་མས་ཟེར་ཨིན་པས།
དེ་བཟུམ་མའི་ ལཱ་བྱ་དེ་ གཞུང་གི་རྒྱུ་དངོས་ ལོག་སྤྱོད་ཀྱི་གྲངས་སུ་ ཚུད་པའི་ཁར་ དངུལ་ཕོགས་སྒྲིག་བཀོད་བསྐྱར་བཟོའི་ བཅའ་ཁྲིམས་ ༢༠༢༢ ཅན་མ་དང་ཡང་ འགལ་བ་ཨིནམ་མ་ཚད་ འགན་འཁྲི་ཅན་གྱི་ འགོ་དཔོན་ཚུ་གི་ ཀུན་སྤྱོད་རྣམ་གཞག་ལས་ཡང་ འགལ་བ་ཨིན་ཟེར་བཀོད་ནུག།
གསལ་བསྒྲགས་དེ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ གཞུང་གི་སྤྱི་སྤྱོད་སྣུམ་འཁོར་ཚུ་ ལག་ལེན་འཐབ་ཐངས་དེ་ རྒྱུ་དངོས་འཛིན་སྐྱོང་བཅའ་ཡིག་ ༢༠༢༢ ཅན་མའི་ དོན་ཚན་ ༧ པ་ལུ་ ཆ་གནས་བཞག་དགོཔ་སྦེ་ཨིནམ་ད་ དོན་ཚན་དེ་ནང་ ལཱ་འགན་དང་འབྲེལ་བའི་ ཆེད་དུ་སྤྱོད་ནི་གི་ སྣུམ་འཁོར་མ་གཏོགས་ གཞན་སྣུམ་འཁོར་ཆུང་བ་དང་ སྣུམ་འཁོར་ཆེ་བ་ཚུ་ མ་དངུལ་གྱི་ ཐོན་ཁུངས་ག་ཏེ་ལས་ཨིན་རུང་དང་ ཡང་ཅིན་ ལས་འགུལ་དང་འབྲེལ་ཏེ་ཨིན་རུང་འདྲ་ རང་སོའི་ཡིག་ཚང་གི་ སྣུམ་འཁོར་བཞག་སར་ བཞག་དགོཔ་ད་ ལས་སྡེ་སྦོམ་སུ་ཡོད་མི་ ལྷན་ཁག་ཚུ་གིས་འབད་བ་ཅིན་ རང་སོའི་ལས་སྡེའི་ནང་ བཞག་དགོ་ཟེར་ཨིན་པས།
གལ་སྲིད་ རང་སོའི་ལཱ་ཁོངས་ཀྱི་ཕྱི་ཁར་ བལྟ་སྐོར་ལུ་འགྱོཝ་ད་ གཞུང་གི་སྤྱི་སྤྱོད་སྣུམ་འཁོར་ཚུ་ ཆེད་དུ་བཀོད་པའི་ ཡིག་ཚང་གི་ སྣུམ་འཁོར་བཞག་སར་ བཞག་ནི་མ་གཏོགས་ རང་སོའི་སྡོད་ཁྱིམ་གྱི་ མཐའ་འཁོར་དང་ ཡང་ཅིན་ འགོ་དཔོན་གཞན་གྱི་ སྡོད་ཁྱིམ་མཐའ་འཁོར་ལུ་ བཞག་མི་ཆོག་ཟེར་བཀོད་ནུག།
དེ་མ་ཚད་ གཞུང་གི་སྤྱི་སྤྱོད་སྣུམ་འཁོར་ཚུ་ སྣུམ་འཁོར་རང་སོའི་དོན་ལུ་ བསྐོ་བཞག་གྲུབ་མི་ དེད་གཡོགཔ་ཚུ་གིས་ རང་སོའི་སྣུམ་འཁོར་གཏང་ཆོག་པའི་ ལག་ཁྱེར་ཚུ་འབག་སྟེ་ བདའ་དགོཔ་ཨིན་རུང་ དེད་གཡོགཔ་མེད་པའི་ གློ་བུར་གྱི་ གནས་སྟངས་ནང་ སྐྱེལ་འདྲེན་འགོ་དཔོན་གྱིས་ ལས་སྡེའི་འགོ་འཛིན་ལས་ གནང་བ་ཞུ་བའི་ཤུལ་ལུ་ སྣུམ་འཁོར་གཏང་ཆོག་པའི་ ལག་ཁྱེར་ཡོད་མི་ གཞུང་གཡོགཔ་ཅིག་ལུ་ སྣུམ་འཁོར་བདའ་ནི་གི་ གནང་བ་སྤྲོད་ཆོག་ནི་ཨིན་པས།
དེ་བཟུམ་སྦེ་ ལཱ་འགན་ས་ཁོངས་ཀྱི་ཕྱི་ཁར་ གཞུང་གི་སྤྱི་སྤྱོད་སྣུམ་འཁོར་ བཀོལ་སྤྱོད་དེ་ཡང་ ལས་སྡེའམ་ ཡིག་ཚང་འགོ་དཔོན་གྱིས་ དབང་ཆ་སྤྲོད་ཐོག་ལས་ གཞུང་དོན་འགྲོ་འགྲུལ་སྐབས་ལུ་རྐྱངམ་གཅིག་ སྤྱོད་ཆོག་ནི་ཨིནམ་སྦེ་བཀོད་ནུག།
དེ་ཡང་ དུས་ནམ་ར་འབད་རུང་ གཞུང་གི་སྣུམ་འཁོར་ཚུ་ ཀུན་སློང་བསྐྱེད་དེ་ སྤྱོད་དགོཔ་དང་ ཡིག་ཚང་གི་ དུས་ཚོད་ཕྱི་ཁར་དང་ བདུན་ཕྲག་ངལ་གསོ་ གཞུང་གི་ངལ་གསོ་ཚུ་གི་སྐབས་ལུ་ ལཱ་འགན་ས་ཁོངས་ཀྱི་ཕྱི་ཁར་ བལྟ་སྐོར་གྱི་དོན་ལས་ འགྱོ་དགོཔ་ཐོན་ན་མ་གཏོགས་ དེ་མིན་སྣུམ་འཁོར་ཚུ་ ཡིག་ཚང་གི་ས་ཁོངས་ནང་ར་ བཞག་དགོ་ཟེར་ཨིན་པས།
དེ་འབདཝ་ལས་ མཁས་མཆོག་སྡེ་རིམ་དང་ ཁྱད་ལཱ་སྡེ་རིམ་ ༡ པ་དང་ དེ་གི་འོག་རྒྱུའི་སྡེ་རིམ་གྱི་ འགོ་དཔོན་ཚུ་ལུ་ ཚུལ་མིན་གྱི་སྒོ་ལས་ གཞུང་གི་སྤྱི་སྤྱོད་སྣུམ་འཁོར་ སྤྲོད་དེ་ཡོད་མི་ཚུ་ དེ་འཕྲལ་ལས་ བསྡུ་དགོ་པའི་ བཀོད་རྒྱ་དང་ གཞུང་གི་ལས་སྡེ་ཡོངས་ཀྱིས་ གཞུང་གི་སྤྱི་སྤྱོད་སྣུམ་འཁོར་དང་འབྲེལ་བའི་ རྒྱུ་དངོས་འཛིན་སྐྱོང་བཅའ་ཡིག་ ༢༠༢༢ ཅན་མའི་ དོན་ཚན་ ༧ པ་ལུ་ དམ་ཟབ་སྦེ་ར་ ཆ་གནས་བཞག་དགོ་ཟེར་བཀོད་ནུག།
གལ་སྲིད་ རང་སོའི་ལས་སྡེ་འོག་ལུ་ གནང་བ་མེད་པའི་ གཞུང་གི་སྤྱི་སྤྱོད་སྣུམ་འཁོར་ བཀོལ་སྤྱོད་འབད་བ་ཅིན་ དེ་གི་འགན་འཁྲི་དེ་ ལས་སྡེའི་འགོ་འཛིན་ཚུ་ལུ་ འཁྲི་ནི་ཨིནམ་ད་ དངུལ་རྩིས་ལྷན་ཁག་ལས་ དམིགས་བསལ་ལུ་ ལོག་སྤྱོད་ཐོག་གི་ སྣུམ་འཁོར་ཚུ་ དེ་འཕྲལ་ལས་ བསྡུ་ནི་ཨིན་པའི་ཁར་ ཆ་གནས་མ་བཞག་པའི་ རྒྱབ་འགལ་ལུ་ དགོས་མཁོ་ཡོད་པའི་ དང་ལེན་ཐོག་ གནད་དོན་དེ་ སྒྲིག་ཁྲིམས་དང་ལེན་གྱི་དོན་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ གཏང་ནི་སྦེ་ཨིན་པས།
ད་ལས་ཕར་ འཆར་དངུལ་ལས་སྡེ་ཡོངས་ཀྱིས་ གཞུང་གི་ཐོན་ཁུངས་ལོག་སྤྱོད་ བཀག་ཐབས་ལུ་དང་ དྭངས་གསལ་དང་ འགན་འཁྲི་ དྲང་བདེན་ཚུ་གི་དོན་ལས་ སྒྲིག་གཞི་དེ་ཚུ་ལུ་ ཆ་གནས་ཀྱི་ རྒྱབ་སྐྱོར་དང་ མཉམ་འབྲེལ་འབད་བའི་ རེ་བ་ཡོད་ཟེར་ དངུལ་རྩིས་ལྷན་ཁག་གི་ གསལ་བསྒྲགས་ནང་ བཀོད་འདུག་པའི་གནས་ཚུལ།




Users Today : 942
Users Yesterday : 1487
This Month : 37979
This Year : 217882
Total Users : 929698
Views Today : 1389
Total views : 2712590
Who's Online : 2