
སྤྱི་ཟླ་ ༢ པའི་ཚེས་ ༢༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་དང་འབྲེལ་ཏེ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ འབྲུག་གི་དུས་རབས་ ༢༡ པའི་ དཔལ་འབྱོར་མདུན་ལམ་ རྒྱལ་ཡོངས་དཔལ་འབྱོར་གྱི་ མཐོང་སྣང་ཟེར་མི་ འགོ་འབྱེད་མཛད་གནང་ཡི།
དེ་ཡང་ བློན་ཆེན་གྱི་ ཡིག་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ རེ་འདུན་རྒྱ་ཆེར་བསྐྱེད་པའི་ མདུན་ལམ་དེ་ཡང་ འབྲུག་གི་བརྩི་མཐོང་དང་ རེ་འདོད་དང་བསྟུན་པའི་ དཔལ་འབྱོར་དེ་ ནུས་སྟོབས་དང་ ཡོངས་རྫོགས་ དེ་ལས་ ཡུན་བརྟན་དང་བཅསཔ་སྦེ་ གོང་འཕེལ་གཏང་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་ཟེར་བཀོད་ནུག།
བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་བློན་པོ་གིས་ འབྲུག་གི་མ་འོངས་པའི་ དཔལ་འབྱོར་དེ་ འབྲུག་གི་གྲལ་གཏོགས་ཆེ་བའི་ བཟོ་གྲྭ་གཙོ་བོ་ཚུ་ བཙན་ཐབས་ཀྱི་སྒོ་ལས་ ཡར་འཕར་ཅན་གྱི་ ལས་སྡེ་གསརཔ་ཚུ་ རྒྱ་སྐྱེད་བཏང་སྟེ་ དུས་རབས་ ༢༡ པའི་ནང་ འབྲུག་རྒྱལ་ཁབ་འདི་ འོས་འབབ་དང་ལྡན་པའི་ གནས་ཚད་ཁར་ བཀལ་ནི་དེ་ཨིན་ཟེར་གསུངས་ཡི།
དེ་ཡང་ མ་འོངས་པའི་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ གསར་བཏོད་དང་ ཡུན་བརྟན་ དེ་ལས་ ཡར་འཕར་འདྲ་མཉམ་ཚུ་ གོང་འཕེལ་གཏང་ནི་དང་གཅིག་ཁར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གཞི་རྩ་ཚུ་ལུ་ བརྩི་འཇོག་འབད་ནི་ཨིན་པས།
དཔལ་འབྱོར་གཞི་སྒྱུར་གྱི་ཐེད་ཁར་ རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༢ པའི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ གཙོ་རིམ་བསྐྱེད་གནང་མི་དང་འཁྲིལ་ཏེ་ འབྲུག་གིས་ ཐོན་རིམ་ཅན་གྱི་ དོ་འགྲན་ཚུ་ སྣང་མེད་མ་བསྐྱུར་བར་ འཛམ་གླིང་ནང་ ག་ནི་བ་ མགྱོགས་དྲགས་སྦེ་ འགྱུར་བ་འཐོན་མི་ དོ་འགྲན་ཚུ་དང་ བདེ་སྒྲིག་འབད་དེ་ རིམ་པ་བཞིན་དུ་ ཡར་རྒྱས་འགྱོ་དགོཔ་ལས་ རྒྱལ་ཡོངས་རང་གོ་རང་འདྲོངས་དང་ ལོངས་སྤྱོད་རྒྱས་ཐབས་ལུ་ ངོ་རྐྱང་དང་གཙུག་སྡེ་རེ་རེ་བཞིན་དུ་ལུ་ གྲལ་གཏོགས་ཀྱི་ གོ་སྐབས་ཡོད་པའི་ དཔལ་འབྱོར་གྱི་ མདུན་ལམ་ཁ་གསལ་སྦེ་ བཀོད་དགོ་པའི་ བཀའ་རྒྱ་སྤྱི་བོར་ཕེབས་ཏེ་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
དཔལ་འབྱོར་གྱི་ མདུན་ལམ་དེ་གི་དོན་ལུ་ འདས་པའི་ཟླཝ་ཚུ་ནང་ ལས་སྡེ་ཚུ་དང་གཅིག་ཁར་ གྲོས་བསྟུན་དང་ བསྐྱར་ཞིབ་ཚུ་ རྒྱ་ཆེ་ཏོག་ཏོ་སྦེ་ འགོ་འདྲེན་འཐབ་པའི་ཁར་ འཛམ་གླིང་གི་ གནས་སྟངས་བརྟག་དཔྱད་དང་ འདས་པའི་གཞུང་གི་ དཔལ་འབྱོར་མདུན་ལམ་དང་ འདས་པའི་གསར་བཏོད་ཚུ་གུ་ གཞི་བརྟེན་ཏེ་ བརྩམས་ཡོདཔ་སྦེ་ཨིན་པས།
དེ་མ་ཚད་ འཛམ་གླིང་སྤྱི་ཚོགས་ གོང་འཕེལ་ལས་རིམ་གྱི་ རྒྱབ་སྐྱོར་ཐོག་ལུ་ བློན་ཆེན་གྱི་ ཡིག་ཚང་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཁ་ཐུག་ལས་ འགོ་བཙུགས་གནང་མི་ གསར་བཏོད་ལས་དོན་ འབྲུག་གི་གོང་འཕེལ་ནང་ འགོ་ཁྲིད་གོང་འཕེལ་གྱི་ གོ་སྐབས་འོག་ལུ་ བྷུ་ཊཱན་ ༡༠ ཨེགཛ་ཟེར་མི་ དཔལ་འབྱོར་གོང་འཕེལ་གྱི་ མདུན་ལམ་ནང་དོན་ཚུ་ལུ་ཡང་ གཞི་བརྟེན་འབད་ནུག།
དུས་རབས་ ༢༡ པའི་དོན་ལུ་ འབྲུག་གི་དཔལ་འབྱོར་མདུན་ལམ་ནང་ འབྲུག་གི་རེ་འདོད་དང་ མ་རྩ་གཞི་བཙུགས་ཀྱི་དོན་ལུ་ གཙོ་རིམ་ལས་སྡེ་དང་ དཔལ་འབྱོར་གྱི་ མཐོང་སྣང་ཚུ་ མགྱོགས་དྲག་སྦེ་ འགྲུབ་ཐབས་ལུ་ མཐུན་རྐྱེན་ཚུ་གི་སྐོར་ལས་ ཁ་གསལ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
དཔལ་འབྱོར་གཞི་སྒྱུར་གྱི་ རེ་འདོད་ལ་ལོ་ཅིག་ དུས་ཡུན་ཐུང་ཀུ་ཅིག་གི་ནང་ འབྲུག་གི་དཔལ་འབྱོར་དེ་ གོང་འཕེལ་འགྱོ་ཚར་མིའི་ གནས་ཚད་ཁར་ བཀལ་ནི་དང་ སྤྱི་ལོ་ ༢༠༥༠ འཐོནམ་ད་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་དེ་ ད་རེས་བ་ བཅུ་ལྟབ་ཀྱིས་མཐོཝ་སྦེ་ ཡར་སེང་འབད་ནི་ཨིནམ་སྦེ་བཀོད་ནུག།
དེ་ཡང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་དང་ སྒེར་སྡེ་ཚུ་གིས་ འགོ་ཁྲིད་ཐོག་ལུ་ དཔལ་འབྱོར་རྒྱ་སྐྱེད་གཏང་སྟེ་ སྤྱི་ལོ་ ༢༠༥༠ འཐོནམ་ད་ སྒེར་སྡེ་ཚུ་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ བརྒྱ་ཆ་ ༦༠ གིས་ ཕན་རླབས་ཡོདཔ་བཟོ་ནི་དང་ འབྲུག་རྒྱལ་ཁབ་འདི་ ཡུན་བརྟན་དང་ སོ་ནམ་ ཨང་གནས་ དེ་ལས་ བལྟ་བཤལ་ལས་དོན་བཅས་ ལས་སྡེ་གཙོ་བོ་ཚུ་ནང་ འགོ་ཁྲིདཔ་སྦེ་ གཞི་བཙུགས་འབད་ནི་ཨིན་པས།
དེ་བཟུམ་སྦེ་ འབྲུག་རྒྱལ་ཁབ་འདི་ ཤེས་ཡོན་དང་ གསར་བཏོད་ལུ་ གཞི་བརྟེན་པའི་ དཔལ་འབྱོར་གྱི་ རྒྱལ་ཁབ་སྦེ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ བརྒྱ་ཆ་ ༢༠ གིས་ ཕན་ཐོགས་ཡོདཔ་ བཟོ་ནི་དང་ དཔལ་འབྱོར་ཡར་འཕར་དེ་ཡང་ ཡུན་བརྟན་དང་ རང་བཞིན་མཐའ་འཁོར་གནས་སྟངས་ནང་ འགོ་ཁྲིད་ཐོག་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་ཚུ་ལུ་ ཆ་གནས་ཀྱི་སྒོ་ལས་ བཙོག་རླུང་ཀར་བཱོན་མེད་པའི་ གནས་ཚད་རྒྱུན་སྐྱོང་འཐབ་ནི་ཚུ་ཨིན་ཟེར་བཀོད་ནུག།
དཔལ་འབྱོར་གྱི་ མདུན་ལམ་དེ་དང་འཁྲིལ་བ་ཅིན་ གནད་དོན་གཞན་ཚུ་གི་གྲས་ལས་ འབྲུག་གི་བཟོ་གྲྭ་གཙོ་བོ་ཚུ་ཡང་ ཆུར་བརྟེན་གློག་མེ་དང་ སོ་ནམ་ བལྟ་བཤལ་ཚུ་གུ་ ཐོན་རིམ་ཅན་གྱི་ ལས་སྡེ་ཚུ་ རྒྱ་སྐྱེད་གཏང་ནི་ཚུ་ཨིནམ་ད་ དེ་ཡང་ ཨང་གནས་ཅན་གྱི་ དཔལ་འབྱོར་དང་ ཞབས་ཏོག་ལས་སྡེ་ བཟོ་བཏོན་ལས་སྡེ་ ས་གཏེར་དང་ གཏེར་དངོས་བཟོ་སྒྱུར་ ནུས་ཤུགས་ཡར་དྲག་ཚུ་ཨིན་ཟེར་ གནས་ཚུལ་གསར་བཏོད་ནང་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1391845
Views Today :
Total views : 5000
Who's Online :