
ཚེ་རིང་ལྷ་མོ།
རྒྱལ་ཁབ་ནང་ སྒོ་ནོར་འཚོ་སྐྱོང་འཐབ་མི་ཚུ་ལུ་ སྒོ་ནོར་གྱི་ཆག་དང་ འཐོན་སྐྱེད་ཀྱི་ ཟད་འགྲོ་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ སོ་ནམ་དང་ སྒོ་ནོར་ལྷན་ཁག་གིས་ དཔལ་འབྱོར་གྱི་ འོས་འབབ་རྒྱུན་སྐྱོང་དང་གཅིག་ཁར་ ཡུན་བརྟན་ཡར་དྲག་དང་ རྒྱལ་ཡོངས་བཟའ་ཆས་ཀྱི་ ཉེན་སྲུང་ངེས་གཏན་བཟོ་ནི་ལུ་ ཐབས་ལམ་མ་འདྲཝ་ཚུ་ གསལ་བཀོད་འབད་ནུག།
དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༤ ལུ་ སོ་ནམ་དང་ སྒོ་ནོར་བློན་པོ་ ཡོན་ཏན་ཕུན་ཚོགས་ཀྱིས་ གནས་ཚུལ་ཞལ་འཛོམས་ནང་ གསུངས་དོ་བཟུམ་འབད་བ་ཅིན་ སྒོ་ནོར་གྱི་ རྩ་ཆག་གི་དོན་ལས་ མ་དངུལ་ལྷན་ཐབས་ཀྱི་ འོས་འབབ་འཚོལ་ཞིབ་འབད་རུང་ ཐབས་ལམ་དེ་ ཡུན་བརྟན་ཅན་ཅིག་མིན་པས་ཟེར་ཨིན་པས།
དེ་འབདཝ་ལས་ བྱ་གསོ་ཁང་དང་ ཕགཔ་གསོ་ཁང་ཚུ་གི་དོན་ལུ་ ཆག་ཚུ་གོང་མཐོ་དྲགས་ཡོདཔ་ལས་ བྱམོ་སྒོང་རྡོག་བུད་མི་ལུ་ མ་དངུལ་ལྷན་ཐབས་ བརྒྱ་ཆ་ ༣༠ རེ་ལས་ མ་བྱིན་རུང་ འཐོན་སྐྱེད་ཤོ་ཐེངས་ ༡ གི་དོན་ལུ་ར་ དངུལ་ཀྲམ་ས་ཡ་ ༣༧༥ དེ་རེ་ གནས་ནི་ཨིནམ་སྦེ་གསུངས་ཡི།
བློན་པོ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ཤོ་ཐེངས་ ༡ གི་ མ་དངུལ་ལྷན་ཐབས་ཀྱིས་ ཁྱད་པར་ག་ནི་ཡང་ བཟོ་མི་ཚུགས་ནི་ཨིནམ་ལས་ དུས་ཡུན་རིངམོ་གི་ ཐབས་ལམ་ཚུ་ལུ་ གཙོ་བོར་བཟུང་དོ་ཟེར་ཨིན་པས།
སྤྱི་ལོ་ ༢༠༢༣ གྱི་ སོ་ནམ་དང་ སྒོ་ནོར་གྱི་ གཅིག་བསྒྲིལ་གྲངས་རྩིས་ནང་ འབྲུག་ལུ་ སྒོ་ནོར་མང་ཆེ་བ་ཅིག་ སོ་ནམ་ཞིང་ལཱ་ཆུང་ཀུ་འབད་མི་ཚུ་གིས་ འཚོ་སྐྱོང་འཐབ་དོ་ཡོདཔ་སྦེ་ གསལ་བཀོད་འབད་ནུག།
མ་གཞི་ རྒྱལ་ཁབ་ནང་ ཆག་གི་འཕྲུལ་ཁང་ ༡༡ ཡོད་མི་ལས་ འཕྲུལ་ཁང་ ༥ རྐྱངམ་ཅིག་ ལག་ལེན་འཐབ་མི་དེ་གིས་ ཉིན་བསྟར་བཞིན་དུ་ འཐོན་སྐྱེད་བསྡོམས་ མེ་ཊིག་ཊཱན་ ༥༡༤ རེ་ བཟོ་བཏོན་འབད་དོ་ཡོད་རུང་ རྒྱལ་ཡོངས་ཀྱི་ གནས་ཚད་ཁར་ ཉིན་བསྟར་དགོས་མཁོ་ མེ་ཊིག་ཊཱན་ ༧༢ རེ་ལས་ དགོས་མཁོ་མེདཔ་ཨིན་པས།
དེ་འབདཝ་ལས་ ནང་འཁོད་འཐོན་སྐྱེད་བཟོ་བཏོན་གྱི་ ཟད་འགྲོ་མཐོ་བའི་ཁར་ སྐྱེལ་འདྲེན་གྱི་ དཀའ་ངལ་དང་ རྒྱུ་དངོས་ནང་འདྲེན་འབད་དགོ་པའི་ དཀའ་ངལ་ཚུ་ཡང་ཡོདཔ་ཨིན་པའི་གནས་ཚུལ།





Users Today : 251
Users Yesterday : 1351
This Month : 41810
This Year : 221713
Total Users : 933529
Views Today : 571
Total views : 2723078
Who's Online : 6