འབྲུག་དང་ མཐའ་ཡས་ལེན་གྱི་བར་ན་ བལྟ་བཤལ་དང་འབྲེལ་བའི་གསུང་གྲོས།

སྤྱི་ཟླ་ ༣ པའི་ཚེས་ ༨ ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ ད་རེས་ འབྲུག་ལུ་ ཕེབས་ཏེ་ཡོད་མི་ མཐའ་ཡས་ལེན་གྱི་ བལྟ་བཤལ་དང་ རྩེད་རིགས་བློན་པོ་ སོ་ར་འོང་ ཐི་ཡེན་ཐོང་དང་གཅིག་ཁར་ མཇལ་ཕྲད་མཛད་ནུག།
དེ་བསྒང་ བློན་པོ་ ༢ ཀྱི་བར་ན་ ཡུན་རིང་གི་བར་ན་གནས་མི་ རྒྱལ་ཁབ་ ༢ ཀྱི་ མཐུན་ལམ་དང་ དམིགས་བསལ་གྱིས་ བལྟ་བཤལ་དང་འབྲེལ་བའི་ ཁྱད་དུ་འཕགས་པའི་ མཉམ་འབྲེལ་བཙན་ཐབས་ཀྱི་སྐོར་ལས་ གསུང་གྲོས་ཚུ་ དམ་གཟབ་སྦེ་ གནང་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་ཁབ་ ༢ ཀྱི་བར་ན་ ལམ་སྲོལ་དང་ ཆོས་ཕྱོགས་ཀྱི་འབྲེལ་བ་ ངོས་ལེན་ཐོག་ལས་ བློན་པོ་ ༢ ཀྱིས་ རྒྱལ་ཁབ་ ༢ དང་ བསྐྱོད་ཡུལ་གཅིག་ཟེར་མི་ གསར་བཏོད་ལས་དོན་བརྒྱུད་དེ་ བལྟ་བཤལ་ཡར་དྲག་གི་ ཐབས་ལམ་ཚུ་གི་སྐོར་ལས་ཡང་ གསུང་གྲོས་གནང་ནུག།
བློན་པོ་ ༢ ཀྱིས་ འབྲུག་དང་ མཐའ་ཡས་ལེན་ ༢ ཕན་ཚུན་གཅིག་བརྟེན་གྱི་ བསྐྱོད་ཡུལ་སྦེ་ གོང་འཕེལ་གཏང་སྟེ་ གཞན་དང་མ་འདྲ་བའི་ འགྲུལ་བསྐྱོད་ཀྱི་ ཉམས་མྱོང་དང་ ལམ་སྲོལ་བརྗེ་སོར་གོང་འཕེལ་ དེ་ལས་ ཆོས་ཕྱོགས་དང་ བདེ་ཉམས་ཀྱི་ བལྟ་བཤལ་གོང་འཕེལ་ཚུ་ རྒྱལ་ཁབ་གཉིས་ཆ་རའི་དོན་ལུ་ གནད་དོན་གཙོ་བོ་ཅིག་སྦེ་ གསུང་གྲོས་གནང་ཡོདཔ་ཨིན་པས།
དེ་མ་ཚད་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༦ པའི་ནང་ འབྲུག་གི་བལྟ་བཤལ་ལས་ཁུངས་དང་ མཐའ་ཡས་ལེན་གྱི་ བལྟ་བཤལ་དབང་འཛིན་གྱི་བར་ན་ གོ་དོན་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་དེ་ཡོད་མིའི་སྐོར་ལས་ཡང་ གསུང་གྲོས་གནང་སྟེ་ བློན་པོ་གཉིས་ཆ་རའི་ ཁ་ཐུག་ལས་ མཉམ་འབྲེལ་ཐོག་ལུ་ ཚོང་བསྒྲགས་དང་ ཚོང་འབྲེལ་གྱི་ གོམས་འདྲིས་བལྟ་སྐོར་ དེ་ལས་ ཤེས་ཡོན་བརྗེ་སོར་གྱི་ ལས་རིམ་ཚུ་བརྒྱུད་དེ་ འབྲུག་དང་ མཐའ་ཡས་ལེན་གྱི་བར་ན་ བལྟ་བཤལ་ལས་སྡེ་དེ་ འཕྲོ་མཐུད་དེ་ར་ གོང་འཕེལ་གཏང་ཐོག་ལས་ རྒྱལ་ཁབ་ ༢ ཀྱི་ མི་སེར་ཚུ་གི་བར་ནའི་ མཐུན་འབྲེལ་དེ་ཡང་ གཏིང་ཟབ་འགྱོ་བའི་ ཡིད་ཆེས་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: