
ཨཱལ་ཇ་ཟི་ར།
ཡུ་ཨེཛ་ལུ་ ལྕགས་དང་ ཧ་ཡངས་ལུ་ ནང་འདྲེན་གྱི་ཁྲལ་ཚུ་ ཡར་སེང་འབད་མི་དེ་གིས་ རྒྱལ་སྤྱིའི་གནས་རིམ་ནང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ འགོ་བཙུགས་མི་ ཚོང་འབྲེལ་གྱི་འབྱེལཝ་དེ་ ཧེང་སྐལ་ར་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།
ཁྲལ་ཡར་སེང་དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༡༢ ལས་ བརྒྱ་ཆ་ ༢༥ རེ་ ཆ་གནས་འབད་ཡོདཔ་ད་ ཁྲལ་ཡར་སེང་དེ་ལུ་ དམིགས་བསལ་གྱི་ ཡངས་ཆག་ཟེརཝ་ ག་ནི་ཡང་མེདཔ་ལས་ ཚོང་འབྲེལ་མཉམ་རོགས་གཞན་ཚུ་གིས་ཡང་ ཡུ་ཨེཛ་གི་ ཁྲལ་ཡར་སེང་གི་ གདོང་ལན་ཚུ་ ངོས་ལེན་འབད་ནི་ཨིན་པའི་སྐོར་ལས་ དེ་འཕྲལ་ལས་ གསལ་བསྒྲགས་འབད་ནུག།
ཀེ་ན་ཌ་དང་ མེག་སི་ཀོ་ རྒྱ་ནག་ཚུ་གི་དོན་ལས་ ཁྲལ་རིགས་ལོགས་སུ་ བཀོད་དེ་ཡོད་མིའི་ གདོང་ལན་ལུ་ ཡུ་རོབ་རྒྱལ་ཁབ་ཚོགས་པ་དང་ བ་ར་ཛིལ་ ལྷོ་ཀོ་རི་ཡ་ཚུ་གིས་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༢ ལས་ ནང་འདྲེན་གྱི་ཁྲལ་ཚུ་ ཡར་སེང་འབད་ནི་ཨིན་པས།
ཌོ་ནཱལ་ཊམ་གྱིས་འབད་བ་ཅིན་ དེ་བཟུམ་མའི་ ཁྲལ་ཡར་སེང་དེ་གིས་ ཡུ་ཨེཛ་གི་ ལྕགས་རིགས་ལས་སྡེ་དང་ ལཱ་གཡོག་བཟོ་ཐབས་ལུ་ ཕན་ཐོགས་ཡོད་ལུགས བཤདཔ་ཨིན་རུང་ ལག་ལེན་དེ་གིས་ ཚོང་ལམ་ཚུ་ ཏན་ཏན་མེདཔ་ཐལ་ཏེ་ ཉོ་སྤྱོད་འབད་མི་ཚུ་ལུ་ གོང་ཚད་ཀྱི་ དཀའ་ངལ་འཐོན་ནི་ལུ་ ཉེན་ཁ་ཡོདཔ་མ་ཚད་ དཔལ་འབྱོར་ཡར་འཕར་ལུ་ཡང་ གནོད་སྐྱོན་འབྱུང་ནི་གི་ ཚ་གྱང་ཚུ་ཡོདཔ་སྦེ་བཀོད་ནུག།
ཡུ་རོབ་རྒྱལ་ཁབ་ཚོགས་པའི་ ཁ་ཐུག་ལས་ ཡུ་རོབ་རྒྱལ་ཁབ་ཚུ་ནང་ ཡུ་རོ་ཐེར་འབུམ་ ༢༦ ཚུན་གྱི་ ཡུ་ཨེཛ་གི་ ཅ་དངོས་ཚུ་ལུ་ ཤུལ་མའི་ཟླཝ་ལས་ འགོ་བཟུང་སྟེ་ ཁྲལ་ཡར་སེང་འབད་ནི་ཨིནམ་ད་ དེ་བཟུམ་སྦེ་ ཡུ་ཨེཛ་ལུ་ ལྕགས་རིགས་དང་ ཧ་ཡངས་འབོར་ཆེ་ཤོས་ ཕྱིར་ཚོང་འཐབ་མི་ ཀེ་ན་ཌ་གིས་ཡང་ གདོང་ལན་འབད་ནི་ཨིན་པའི་ བསམ་ཞིབ་ཚུ་འབད་དོ་ཡོདཔ་ད་ ཡུ་ཀེའི་ཚོང་འབྲེལ་དྲུང་ཆེན་ ཇོ་ན་ཐཱན་ རེ་ནོལ་གྱིས་ཡང་ རྒྱལ་ཡོངས་ཀྱི་ མཐའ་དོན་ལུ་ གདོང་ལན་གྱི་ ཐབས་ལམ་ཚུ་ གྲ་སྒྲིག་ཡོད་ཟེར་ བཤད་ཡོདཔ་ཨིན་པས།
ཨཱཛ་ཊེ་ལི་ཡའི་བློན་ཆེན་ ཨཱལ་བ་ནིཛ་གིས་ ཡུ་ཨེཛ་གི་ཁ་ཐུག་ལས་ དེ་བཟུམ་མའི་ ཁྲལ་ཡར་སེང་འབད་མི་དེ་ འོས་འབབ་མེད་པའི་ཁར་ ཨཱཛ་ཊེ་ལི་ཡ་དང་ ཡུ་ཨེཛ་གི་བར་ན་ཡོད་མི་ མཐུན་ལམ་གྱི་ འཆར་སྣང་ལས་ཡང་འགལ་བའི་ ལཱ་ཅིག་ཨིན་པས་ཟེར་ བཤད་ཡོད་རུང་ ཡུ་ཨེཛ་གི་ ཅ་ཆས་ནང་འདྲེན་ལུ་ ཁྲལ་ཡར་སེང་གི་ ལོ་རྒྱུས་ག་ནི་ཡང་ བཤད་མ་བཏུབ་ཟེར་བཀོད་ནུག།
ཨིན་རུང་ ལྷོ་ཀོ་རི་ཡའི་ ཡོངས་གྲགས་ཅན་གྱི་ ལྕགས་རིགས་ལས་སྡེ་ ༢ ཀྱིས་ ཡུ་ཨེཛ་ལུ་ མཐུན་རྐྱེན་གསརཔ་ཚུ་ནང་ མ་རྩ་གཞི་བཙུགས་འབད་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1438776
Views Today :
Total views : 5000
Who's Online :