
བལྟ་བཤལ་བསྐྱོད་ཡུལ་ བཟོ་སྒྲིག་འབད་མི་ཚུ་གི་ མི་སྡེའི་ནང་ མཆོག་གྱུར་ངོས་ལེན་གྱི་ དུས་སྟོན་སྐབས་ལུ་ འབྲུག་གིས་ བསྐྱོད་ཡུལ་དྲག་ཤོས་ཀྱི་ གཟེངས་བསྟོད་རྟགས་མ་ཐོབ་ནུག།
དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༡༤ ལུ་ འབྲུག་བལྟ་བཤལ་ལས་ཁུངས་ཀྱིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འཛམ་གླིང་ནང་གི་ འབྱོར་ཉམས་ཅན་གྱི་ བསྐྱོད་ཡུལ་བཟོ་སྒྲིག་འབད་མི་ལས་སྡེའི་ འཐུས་མི་ཚུ་གིས་ གདམ་ཁའི་ཐོག་ལས་ འབྲུག་གིས་ དེ་བཟུམ་མའི་ རྟགས་མ་ཐོབ་ནི་དེ་ འགོ་དང་པ་ཨིན་པས།
གཟེངས་རྟགས་དེ་གིས་ ཁྱད་དུ་འཕགས་པའི་ གོ་དོན་ཅན་གྱི་ ཉམས་མྱོང་གི་དོན་ལུ་ བལྟ་བཤལ་འགྲུལ་བསྐྱོད་ཀྱི་ལཱ་ནང་ འབྲུག་གིས་ གལ་ཆེ་བའི་ ཡར་ཐོན་ཅན་གྱི་ བརྡ་མཚོན་སྟོན་མའི་ཐེད་ཁར་ བལྟ་བཤལ་ལས་ཁུངས་ཀྱི་ ཁ་ཐུག་ལས་ ཡུན་བརྟན་དང་ དྲན་ཤེས་ འགན་ཁུར་ཚུ་ལུ་ བརྩི་མཐོང་གི་སྒོ་ལས་ འབྱོར་ཉམས་བལྟ་བཤལ་ནང་ འབྲུག་གི་གནས་ཚད་ ཡར་སེང་འབད་ནི་གི་ ཁས་ལེན་ཡོད་ཟེར་བཀོད་ནུག།
འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ བཙོག་རླུང་ཀར་བཱོན་མེད་པའི་ རྒྱལ་ཁབ་དང་པ་འབདཝ་ལས་ བལྟ་བཤལཔ་ཚུ་ སོ་ནམ་ཞིང་པའི་ སྡོད་ཁྱིམ་ཚུ་ནང་ སྡོད་ནི་དང་ དུས་རབས་ལས་ དུས་རབས་ཀྱི་བར་ན་གནས་མི་ ལྷ་ཁང་བྱིན་ཅན་དང་ ལྷ་ཁང་དེ་ཚུའི་ནང་གི་ དགེ་སློང་ཚུ་ དེ་ལས་ མཛེས་ཆ་ཅན་གྱི་ ས་ཆའི་ཆགས་ཚུལ་དང་ ལམ་སྲོལ་ཚུ་གི་ ཉམས་མྱོང་གཏིང་ཟབ་དང་ བྱིན་རླབས་ཚུ་ ཞུ་ནི་གི་ གོ་སྐབས་ཐོབ་ཨིན་པས།
འབྲུག་གིས་ འབྱོར་ཉམས་ཅན་གྱི་ བསྐྱོད་ཡུལ་བཟོ་སྒྲིག་འབད་མི་ཚུ་དང་ མཉམ་འབྲེལ་འཐབ་མི་དེ་གིས་ བསྐྱོད་ཡུལ་གྱི་སྐོར་ལས་ དྲན་གསལ་འབད་ནིའི་ནང་ གལ་ཆེ་བའི་ ཁེ་ཕན་བྱུང་ཡོདཔ་ད་ དེ་ཡང་ དམིགས་གཏད་ཅན་གྱི་ བརྒྱུད་འབྲེལ་དང་ ཚོང་བསྒྲགས་ དེ་ལས་ སྦྱོང་བརྡར་དང་ ཐབས་བྱུས་ཅན་གྱི་ ཡོངས་འབྲེལ་ཚུ་བརྒྱུད་དེ་ རྒྱལ་སྤྱིའི་འབྱོར་ཉམས་བལྟ་བཤལ་གྱི་ ཚོང་ལམ་ནང་ གནས་ཚད་སྲ་བརྟན་སོང་ཡོདཔ་སྦེ་བཀོད་ནུག།
འབྱོར་ཉམས་བལྟ་བཤལཔ་ཚུ་གིས་ ཁྱད་འཕགས་ཀྱི་ གནས་སྐབས་ཚུ་འཚོལཝ་ལས་ འབྲུག་རྒྱལ་ཁབ་འདི་ ཁྱད་དུ་འཕགས་པའི་ བསྐྱོད་ཡུལ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
བལྟ་བཤལ་ལས་ཁུངས་ཀྱི་མདོ་ཆེན་ དམ་ཆོས་རིག་འཛིན་གྱིས་ གཟེངས་རྟགས་དེ་ འབྲུག་གི་སླར་བྱུང་དང་ གཞི་སྒྱུར་ དེ་ལས་ གོ་དོན་རྟོགས་པའི་ འགྲུལ་བསྐྱོད་ཀྱི་ ཉམས་མྱོང་ཚུ་གི་དོན་ལུ་ འགྱུར་ལྡོག་མེད་པའི་ ཁས་ལེན་གྱི་ བརྡ་མཚོན་སྟོནམ་ཨིན་ཟེར་ བཤད་ཡོད་པའི་གནས་ཚུལ།





Users Today : 1117
Users Yesterday : 991
This Month : 46223
This Year : 226126
Total Users : 937942
Views Today : 1524
Total views : 2733426
Who's Online : 3