ལྷ་ཁང་དང་ མཆོད་རྟེན་ཚུ་གི་ ཉེན་སྲུང་ཡར་དྲག།

སྤྱི་ཟླ་ ༣ པའི་ཚེས་ ༡༢ ལུ་ རྒྱལ་གཞུང་འབྲུག་གི་འགག་སྡེ་ གནོད་འགེལ་དང་ དང་ལེན་ལས་ཁུངས་ནང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ གཙོ་འཛིན་འོགམ་གིས་ ནང་སྲིད་ལྷན་ཁག་གི་ ཆེ་མཐོའི་འགོ་དཔོན་ཚུ་ལུ་ ལྷ་ཁང་དང་ མཆོད་རྟེན་ཚུ་ གཏོར་བཤིག་གི་སྐོར་ལས་ གསལ་བཤད་འབད་ཡོདཔ་ཨིན་པས།

གསལ་བཤད་སྐབས་ལུ་ ནང་སྲིད་བློན་པོ་ཚེ་རིང་ དབུ་བཞུགས་ཐོག་ལུ་ ཁེ་གྱོང་འབག་མི་ གཙོ་བོ་ཚུ་དང་ གྲྭ་ཚང་ལྷན་ཚོགས་ཀྱི་དྲུང་ཆེན་ ནང་སྲིད་ལྷན་ཁག་གི་དྲུང་ཆེན་ ས་གནས་གཞུང་སྐྱོང་ལས་ཁུངས་དང་ བཀའ་ཁྲིམས་བཀོད་འཛིན་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ༢ དེ་ལས་ ལམ་སྲོལ་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་ མདོ་ཆེན་དང་ གཞུང་གྲྭ་ཚང་གི་ རྟེན་སྲུང་སྡེ་ཚན་ དེ་ལས་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ནུག།

གསལ་བཤད་དེ་ནང་ འབྲུག་རྒྱལ་ཁབ་ནང་གི་ ལྷ་ཁང་དང་ མཆོད་རྟེན་ཚུ་གི་ ཉེན་སྲུང་ཡར་དྲག་དང་ དམིགས་བསལ་གྱིས་ སྐུ་གསུང་ཐུགས་རྟེན་ཚུ་ ཉེན་སྲུང་འབད་ནི་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས།

དེ་བསྒང་ རྟེན་གསུམ་གཏོར་བཤིག་ སྔོན་འགོག་དང་ ཆོས་ཕྱོགས་ཀྱི་ ས་ཁོངས་ཚུ་གི་ བྱིན་རླབས་ངེས་གཏན་བཟོ་ནི་ལུ་ ཁེ་གྱོང་འབག་མི་ཚུ་གི་ལཱ་དང་ འགན་ཁུར་ཚུ་ ཁ་གསལ་དགོཔ་ཡོད་པའི་སྐོར་ལས་ གཙོ་རིམ་བཟུང་སྟེ་ གསུང་གྲོས་གནང་ནུག།

གསལ་བཤད་ཀྱི་ཤུལ་ལས་ ནང་སྲིད་བློན་པོ་དང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ གཙོ་འཛིན་འོགམ་གིས་ འགོ་ཁྲིད་འབད་དེ་ ཉེན་སྲུང་ཐབས་བྱུས་ བཙན་ཐབས་དང་འབྲེལ་བའི་ གསུང་གྲོས་ཚུ་ གནང་ཡོདཔ་མ་ཚད་ གནད་དོན་དེ་ལུ་ ཞིབ་འཇུག་འབད་དེ་ ཉེན་སྲུང་སྒྲིག་བཀོད་ བཙན་ཐབས་ཀྱི་ ཐབས་བྱུས་གོང་འཕེལ་གཏང་མི་ དམིགས་བསལ་ཚོགས་ཆུང་ཅིག་ཡང་ གཞི་བཙུགས་འབད་ནི་ལུ་ ཞལ་འཆམ་བྱུང་ཡོདཔ་ཨིན་པས། ཚོགས་ཆུང་དེ་གི་ ཞིབ་འཚོལ་གྲུབ་འབྲས་ཚུ་ མ་འོངས་པའི་ གྲོས་གླེང་དང་ སྲིད་བྱུས་དང་འབྲེལ་བའི་ གྲོས་ཆོད་གཏོན་ནིའི་ནང་ ལམ་སྟོན་སྦེ་ ལག་ལེན་འཐབ་ནི་ཨིན་པའི་གནས་ཚུལ།

Please follow and like us: