གནམ་གཤིས་ལུ་ མ་རྩ་གཞི་བཙུགས་ཀྱི་ གྲོས་འཛོམས་ ༢༠༢༥ ཅན་མ།

པདྨ་དབང་འདུས།
སྤྱི་ཟླ་ ༣ པའི་ཚེས་ ༡༩ ལུ་ ཨཱཛ་ཊེ་ལི་ཡའི་ མངའ་སྡེ་མེལ་བཱོན་ལུ་ གནམ་གཤིས་ལུ་ མ་རྩ་གཞི་བཙུགས་འབད་མིའི་ གྲོས་འཛོམས་ ༢༠༢༥ ཅན་མའི་ནང་ མི་རྗེ་བློན་ཆེན་མཆོག་གིས་ འབྲུག་དང་ ཨཱཛ་ཊེ་ལི་ཡའི་ རྩ་ཚན་ ༦ པའི་ ནང་གསལ་ལྟར་དུ་ མཁས་མཆོག་གི་ ལས་བྱེད་སྡེ་ཚན་ གཞི་བཙུགས་ཀྱི་ གསལ་བསྒྲགས་གནང་ནུག།
དེ་ཡང་ པེ་རིཛ་གི་ ཆིངས་ཡིག་འོག་ལུ་ རྒྱལ་སྤྱི་ཀཱར་བོན་ཚོང་ལམ་གྱི་ སྒྲིག་བཀོད་ཅིག་སྦེ་ གཞི་བཙུགས་འབད་ཡོདཔ་ད་ སྒྲིག་བཀོད་དེ་གིས་ ཀཱར་བོན་ཚོང་འབྲེལ་དང་ ཡུན་བརྟན་གྱི་ བརྩོན་ཤུགས་ནང་ ཟུང་ཕྱོགས་མཉམ་འབྲེལ་ ཡར་དྲག་བཟོཝ་ཨིན་པས།
མཁས་མཆོག་གི་ ལས་བྱེད་སྡེ་ཚན་དེ་ནང་ འཐུས་མི་ཚུ་ཡང་ འབྲུག་གི་ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་ལྷན་ཁག་འོག་གི་ མཐའ་འཁོར་གནས་སྟངས་དང་ གནམ་གཤིས་འགྱུར་བགྲོད་ལས་ཁུངས་དང་ ཀཱན་ཊཱཛ་མཁའ་འགྲུལ་ལས་སྡེ་ ཨཱཛ་ཊེ་ལི་ཡའི་ གནམ་གཤིས་འགྱུར་བགྲོད་དབང་འཛིན་ མེ་ཀོ་ཝ་རི་བདོག་གཏད་འཛིན་སྐྱོང་ དེ་ལས་ པོ་ལི་ནེ་ཤཱན་སྡེ་ཚན་དང་ གནམ་གཤིས་ཛེཊ་གིཛཊ་བཅས་ འཐུས་མི་ ༦ ཡོདཔ་ཨིན་པས།
མཁས་མཆོག་གི་ ལས་བྱེད་སྡེ་ཚན་དེ་ གཞི་བཙུགས་ཀྱི་ གསལ་བསྒྲགས་གནང་པའི་ཤུལ་ལས་ སྔོན་འགྲོའི་ཞལ་འཛོམས་ཅིག་ཡང་ ཚོགས་གནང་སྟེ་ མཉམ་འབྲེལ་གྱི་ གོ་སྐབས་དང་ ཐབས་བྱུས་ ལྕོགས་གྲུབ་གོང་འཕེལ་ ཤེས་ཡོན་བརྗེ་སོར་ལ་སོགས་པ་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་གནང་ནུག།
སྡེ་ཚན་དེ་གི་ དམིགས་གཏད་ངོ་མ་དེ་ པེ་རིཛ་ཆིངས་ཡིག་འོག་ལུ་ འབྲུག་དང་ ཨཱཛ་ཊེ་ལི་ཡའི་བར་ན་ ཟུང་ཕྱོགས་ཆིངས་ཡིག་གི་དོན་ལུ་ གཞི་བཙུགས་ཀྱི་ལཱ་ཚུ་ ལག་ལེན་འཐབ་ནི་དེ་ཨིན་པས།
དེ་བསྒང་ མི་རྗེ་བློན་ཆེན་གྱིས་ རྒྱལ་སྤྱིའི་གནམ་གཤིས་ལག་ལེན་ མགྱོགས་འགྲོས་ཡར་སེང་གི་དོན་ལས་ རྒྱལ་སྤྱིའི་ཀཱར་བོན་ཚོང་ལམ་ལུ་ རྒྱབ་སྐྱོར་འབད་ནི་དེ་ གལ་ཆེ་བའི་སྐོར་ལས་དང་ འབྲུག་གི་ཁ་ཐུག་ལས་ མཐའ་འཁོར་གནས་སྟངས་ཀྱི་ སྐྱོང་བཞག་ལུ་ ཁས་ལེན་ཡང་བསྐྱར་ཡོད་ལུགས་ཚུ་གསུངས་ནུག།
ལས་བྱེད་སྡེ་ཚན་ གཞི་བཙུགས་ཀྱི་ གསལ་བསྒྲགས་དེ་ལུ་ འབྲུག་མི་དང་ ཨཱཛ་ཊེ་ལི་ཡའི་ ངོ་ཚབ་ཚུ་གིས་ ངོས་ལེན་འབད་དེ་ གསར་བཏོད་ཅན་གྱི་ ཐབས་ལམ་ཚུ་ འཚོལ་ཞིབ་འབད་ནི་ལུ་ ཁས་ལེན་གྲུབ་ཡོད་པའི་གནས་ཚུལ།

Please follow and like us: