ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་བར་ན་ བེ་ལེག་སཱི་ རྒྱ་མཚོའི་ནང་ མཚོ་དམག་མཚམས་འཇོག་འབད་ནི་ལུ་ཞལ་འཆམས།

བི་བི་སི།
སའུ་དི་ཨ་ར་བི་ཡ་ལུ་ ཡུ་ཨེཛ་གིས་ རྒྱལ་ཁབ་རང་སོར་སྦེ་ ཉིན་གྲངས་ ༣ གྱི་རིང་ལུ་ ཞི་བདེའི་གསུངས་གྲོས་ གནང་པའི་ཤུལ་ལས་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱིས་ བེ་ལེག་སཱི་ རྒྱ་མཚོའི་ནང་ མཚོ་དམག་མཚམས་འཇོག་འབད་ནི་ལུ་ ཞལ་འཆམས་བྱུང་ནུག།
དེ་ཡང་ ཝ་ཤིང་ཊཱོན་ལས་ བཤད་དོ་བཟུམ་འབད་བ་ཅིན་ འབྲེལ་ཡོད་རྩ་ཕན་ག་ར་གིས་ ཡུན་གནས་ཅན་གྱི་ ཞི་བདེའི་དོན་ལུ་ འཕྲོ་མཐུད་དེ་ར་ ལཱ་ཚུ་འབད་བའི་བསྒང་ར་ཡོདཔ་ལས་ དེ་བཟུམ་མའི་ ཞི་བདེ་ལུ་བརྟེན་ཏེ་ གལ་ཆེ་བའི་ ཚོང་འབྲེལ་གྱི་ བརྒྱུད་ལམ་ཚུ་ཡང་ ལོག་སྟེ་ར་ སྒོ་ཕྱེ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ ཧེ་མ་ལས་ མོས་མཐུན་བྱུང་ཡོད་དོ་བཟུམ་སྦེ་ ར་ཤི་ཡ་དང་ ཡུ་ཀེ་རེན་གཉིས་ཆ་ར་གིས་ ནུས་ཤུགས་ཀྱི་ གཞི་རྟེན་མཁོ་ཆས་ཚུ་ལུ་ གནོད་འཚུབ་བཀལ་ནི་ལས་ཡང་ འཛེམ་ནི་སྦེ་ ཁ་འཆམས་བྱུང་ཡོདཔ་སྦེ་ ཝ་ཤིང་ཊཱོན་ལས་ གསལ་བཤད་འབད་ནུག།
ཨིན་རུང་ ར་ཤི་ཡའི་ ཁ་ཐུག་ལས་ མཚོ་དམག་མཚམས་འཇོག་དེ་ ཡུ་ཨེཛ་གིས་ ད་རེས་ བཀག་དམ་འབད་དེ་ཡོད་མི་ སྨན་ལུད་དང་ བཟའ་ཆས་ཀྱི་ ཚོང་འབྲེལ་ཚུ་ གུ་ཡངས་གཏང་པའི་ཤུལ་ལུ་རྐྱངམ་གཅིག་ ཆ་འཇོག་འབད་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།
གནད་དོན་དེ་གི་ཐེད་ཁར་ ཡུ་ཨེཛ་གི་ འགོ་དཔོན་ཚུ་གིས་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་བར་ན་ འགྲིག་ཆ་བཟོ་མི་ཚུ་ མཉམ་གཅིག་སྦེ་མིན་པར་ རང་སོར་ཕྱད་ཡོདཔ་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ ཐད་ཀར་དུ་ འབྲེལ་བ་མ་འཐབ་སྦེ་བཤད་ནུག།
ཨིན་རུང་ ཡུ་ཨེཛ་གི་ཁ་ཐུག་ལས་ མཚམས་འཇོག་དེ་ དུས་ནམ་ལས་ འགོ་བཙུགས་ནི་ཨིན་ནའི་སྐོར་ལས་ གསལ་ཏོག་ཏོ་ཅིག་ མ་སླབ་མ་ཚད་ ར་ཤི་ཡའི་ རྒྱབ་འགལ་ལུ་ ཚོང་འབྲེལ་བཀག་དམ་འབད་མི་ཚུ་ཡང་ གུ་ཡངས་ནམ་གཏང་ནི་ཨིན་ནའི་སྐོར་ལས་ཡང་ མནོ་བསམ་གཏང་པའི་བསྒང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: