
སི་ཨེན་ཨེན།
སྤྱི་ཟླ་ ༣ པའི་ཚེས་ ༢༧ ལུ་ ཀེ་ན་ཌའི་བློན་ཆེན་ མཱག་ཀར་ནེ་གིས་ དྲན་བརྡ་འབད་བའི་ནང་གསལ་ ཡུ་ཨེཛ་དང་ ཀེ་ན་ཌའི་བར་ན་ ཚོང་འབྲེལ་གྱི་ མཐུན་ལམ་ལུ་ བྱ་སྟབས་མ་བདེཝ་ ཐོན་ཏེ་ཡོདཔ་ལས་ ཀེ་ན་ཌ་གིས་ ཡུ་ཨེཛ་ལུ་ རེ་ནི་དེ་ ཧེ་མ་དང་ཕྱདཔ་ད་ ལེ་ཤ་གིས་ མར་ཕབ་འབད་དོ་ཟེར་ཨིན་པས།
དེ་ཡང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཀེ་ན་ཌའི་ ཚོང་ཟོག་ཚུ་ལུ་ ཁྲལ་ཡར་སེང་འབད་ནི་གི་ ཉེན་བརྡ་འབད་མི་ལུ་ གདོང་ལན་འབད་ནི་དང་འབྲེལ་ཏེ་ ཀེ་ན་ཌའི་ ལྷན་རྒྱས་གཞུང་ཚོགས་ནང་་ གསུང་གྲོས་གནང་ནུག།
དེ་སྦེ་ གསུང་གྲོས་གནང་པའི་ཤུལ་ལུ་ བློན་ཆེན་ཀར་ནེ་གིས་ ཨོ་ཊ་ཝ་ལུ་ གནས་ཚུལ་བསྡུ་བཀོད་པ་ཚུ་ལུ་ རྒྱལ་ཁབ་ ༢ ཀྱི་བར་ནའི་ མཐུན་ལམ་གྱི་ གནས་སྟངས་དེ་ མ་འདྲཝ་ཅིག་ལུ་ར་ འགྱུར་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།
ད་རེས་ ཡུ་ཨེཛ་དེ་ ཡིད་ཆེས་རུང་བའི་ མཉམ་རོགས་མིནམ་སྦེ་ སོང་སྟེ་འབད་རུང་ འགྲིག་ཆ་ཡང་བསྐྱར་གྱི་སྒོ་ལས་ ཡིད་ཆེས་དུམ་གྲ་ཅིག་ ལེགས་སྒྱུར་གཏང་ཚུགས་པའི་ རེ་བ་ཡོདཔ་ད་ དེ་མིན་པ་ཅིན་ ཤུལ་མའི་གཞུང་ཚུ་གིས་ཡང་ ད་རེས་ཡོད་མི་ འགྱུར་ལྡོག་ཅན་གྱི་ གནས་སྟངས་ཐོག་ལས་ར་ འབྲེལ་བ་འཐབ་དགོཔ་ འོང་ནི་ཨིནམ་སྦེ་བཤད་ནུག།
བློན་ཆེན་ཀར་ནེ་གིས་ ཀེ་ན་ཌའི་ བློན་ཆེན་གྱི་ གོ་གནས་བཞེས་པའི་ཤུལ་ལུ་ ཕྱིའི་རྒྱལ་ཁབ་ཚུ་ལས་ གཟིགས་སྐོར་དང་པ་དེ་ ཕ་རཱནཛ་དང་ ཡུ་ཀེ་ལུ་ གནང་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ ༢ པོ་དེ་ ཡུན་རིང་གི་བར་ན་ བློ་གཏད་ཚུགས་པའི་ མཉམ་རོགས་དང་ མཛའ་བཤེས་འབད་ནི་དེ་གིས་ཨིན་པས།
བློན་ཆེན་ཀར་ནེ་གིས་ ཡུ་ཨེཛ་གིས་ ཚོང་ཟོག་ཚུ་ལུ་ ཁྲལ་ཡར་སེང་འབད་མི་དེ་ གཏན་འཇགས་ཀྱི་དོན་ལུ་ཨིན་པ་ཅིན་ ཀེ་ན་ཌའི་ ཉེན་སྲུང་དང་ ཚོང་འབྲེལ་གྱི་མཐུན་ལམ་སྐོར་ལས་ ཡུ་ཨེཛ་དང་གཅིག་ཁར་ འགྲིག་ཆ་སྦོམ་འབད་དགོ་པའི་ དགོས་མཁོ་འཐོན་ནི་ཨིནམ་སྦེ་ཡང་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 947
Users Yesterday : 1379
This Month : 947
This Year : 229788
Total Users : 941604
Views Today : 2461
Total views : 2741504
Who's Online : 9