མི་ཡཱན་མར་ལུ་ ས་ཡོམ་རྐྱབ་མིའི་ནང་ མི་ ༡,༦༠༠ ལྷགཔ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ།
སྤྱི་ཟླ་ ༣ པའི་ཚེས་ ༢༨ ལུ་ མི་ཡཱན་མར་གྱི་ དབུས་ཕྱོགས་ས་གནས་ནང་ ས་ཡོམ་ཤུགས་སྦེ་ རྐྱབ་ཡོདཔ་ལས་ རྒྱལ་ས་ཡང་གོན་དང་ ཁྱིམ་མཚེས་རྒྱལ་ཁབ་ མཐའ་ཡས་ལེན་གྱི་རྒྱལ་ས་ བེང་ཀོག་ དེ་ལས་ རྒྱ་ནག་ཚུ་གི་ནང་ཡང་ ས་ཡོམ་རྐྱབ་སར་ ཚོར་སྣང་བྱུང་ནུག།
ཡུ་ཨེཛ་གི་ ས་ཆ་ཆགས་ཚུལ་ཞིབ་དཔྱད་ལས་སྡེ་གིས་ ས་ཡོམ་དེ་གི་ རིག་ཊར་ཚད་འཇལ་དང་འཁྲིལཝ་ད་ ཤུགས་ཚད་ ༧.༧ རྐྱབ་ཡོད་མི་དེ་ཡང་ མི་རློབས་ས་ཡ་ ༡.༢ དེ་ཅིག་ཡོད་མི་ མཱན་ཌ་ལེ་ཁྲོམ་ལས་ ཀི་ལོ་མི་ཊར་ ༡༧ ལྷགཔ་ཅིག་གི་ ས་འོག་ཀི་ལོ་མི་ཊར་ ༡༠ ལས་ ཐོན་ཡོདཔ་སྦེ་ བཤདཔ་ཨིན་པས།
སྤྱི་ཟླ་ ༣ པའི་ཚེས་ ༢༩ ཚུན་ལུ་ ས་ཡོམ་གྱི་ རྐྱེན་ངན་དེ་ནང་ མི་གྲངས་ ༡,༦༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ སྲོག་སྐྱབས་ཀྱི་ ལཱ་འབད་བའི་བསྒང་ར་ཡོད་མི་ལུ་ ཕན་ཐབས་ཀྱི་དོན་ལས་ མི་ཡཱན་མར་ དྲག་པོའི་འགོ་ཁྲིདཔ་ཚུ་གིས་ རྒྱལ་ཁབ་ཕྱི་ཁ་ལས་ སྲོག་སྐྱབས་ཀྱི་ ལཱ་འབད་མི་ཚུ་ཡང་ འོང་བཅུག་ནུག།
མི་ཡཱན་མར་ རྒྱལ་ཁབ་དེ་ ནང་འཁྲུག་གིས་ ཉམ་ཐག་པའི་ གནས་སྐབས་ནང་ ས་ཡོམ་རྐྱབ་པ་ལུ་བརྟེན་ཏེ་ གནམ་གྲུ་ཐང་དང་ ཟམ་ གཞུང་ལམ་ཚུ་ལུ་ གནོད་པ་བྱུང་སྟེ་ དཔལ་འབྱོར་དང་ མི་སེར་ས་ཡ་ལས་བཅད་མི་ལུ་ དཀའ་ངལ་ཐོན་ཡོདཔ་ཨིན་པས།
སྤྱི་ཟླ་ ༣ པའི་ཚེས་ ༢༩ ཚུན་ལུ་ ཤི་རྐྱེན་གྱི་གྱངས་ཁ་ ༡,༦༠༢ ལུ་ ཡར་སེང་སོང་ཡོདཔ་མ་ཚད་ ཁྱིམ་མཚེས་རྒྱལ་ཁབ་ མཐའ་ཡས་ལེན་གྱི་རྒྱལ་ས་ བེང་ཀོག་ལུ་ཡང་ བཟོ་བསྐྲུན་འབད་བའི་བསྒང་ཡོད་མི་ ཁྱིམ་ཐོག་ ༣༣ འབད་མི་དེ་ རམ་ཡར་སོངཔ་ལས་ ཉུང་ཤོས་ར་ མི་གྲངས་ ༩ ལུ་ ཤི་རྐྱེན་བྱུང་ནུག།
དེ་སྦེ་ ས་ཡོམ་རྐྱབ་པའི་སྐབས་ལུ་ ཁྱིམ་ཐོག་རིངམོ་དེ་ཁར་ ལཱ་འབད་དེ་ སྡོད་མི་ཚུ་གི་གྲས་ལས་ ལས་མི་ ༤༧ འཚོལ་མ་ཐོབ་པར་ཡོདཔ་ད་ ལས་མི་དེ་གི་གྲངས་སུ་ མི་ཡཱན་མར་གྱི་ མི་སེར་ཚུ་ཡང་ཡོདཔ་ཨིན་པས།
མི་ཡཱན་མར་ དྲག་པོའི་སྲིད་གཞུང་གིས་ རྒྱལ་སྤྱི་ལས་ གྲོགས་རམ་འཚོལ་ནི་དེ་ ཉུང་སུ་ཅིག་ཨིན་རུང་ ད་རེས་ དྲག་པོའི་གཞུང་གི་གཙོ་འཛིན་ དམག་སྤྱི་གོངམ་ མིན་ཨང་ཧི་ལ་ཡིན་གྱིས་ རྒྱལ་སྤྱིའི་གྲོགས་རམ་ལུ་ ནན་སྐུལ་འབད་བའི་ཤུལ་ལས་ མཱན་ཌ་ལེ་ལུ་ སོང་ཡོདཔ་ད་ ས་གནས་དེ་ཁར་ སྒྲིང་ཁྱིམ་ཚུ་ ས་ཁར་འགྱེལ་ཏེ་ཡོད་པའི་ཁར་ ས་གནས་ལ་ལོ་ཅིག་ནང་ མེ་རྐྱེན་ཚུ་ཡང་ བྱུང་ཡོདཔ་སྦེ་ཨིན་པས།
མི་ཡཱན་མར་གྱི་ ལྡོག་ཕྱོགས་ཁ་ཐུག་ལས་ བརྟག་དཔྱད་ཅིག་ ལག་ལེན་འཐབ་མིའི་ནང་ ས་ཡོམ་དེ་གིས་ སྒྲིང་ཁྱིམ་ ༢,༩༠༠ དང་ འཁོར་ལམ་ ༣༠ དེ་ལས་ ཟམ་ ༧ མེདཔ་བཏང་པའི་ཁར་ རྒྱལ་སྤྱི་གནམ་ཐང་ལུ་ཡང་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ལས་ གནས་སྐབས་ཅིག་ སྒོ་བསྡམས་བཞག་ནུག།
རྒྱལ་སྤྱིའི་གྲོགས་རམ་འབད་མིའི་ནང་གསེས་ རྒྱ་ནག་ལས་ སྲོག་སྐྱབས་ཀྱི་ ལཱ་འབད་མི་ སྡེ་ཚན་ཅིག་ ཡང་གོན་ལུ་ ལྷོད་ཡོདཔ་ད་ རྒྱ་གར་ལས་ ཉེན་སྐྱོབ་ཅ་ཆས་ཚུ་ དྲག་པོའི་གནམ་གྲུ་ནང་སྦེ་ བསྐྱལ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ར་ཤི་ཡ་དང་ མ་ལེ་ཤི་ཡ་ སིངྒ་པོར་ཚུ་གིས་ཡང་ མཁོ་ཆས་ཚུ་ གནམ་གྲུའི་ནང་སྦེ་ བསྐྱལ་བའི་ཁར་ མི་ཡཱན་མར་ཡང་ འཐུས་མི་ཨིན་མི་ ཤར་ལྷོ་ཨེ་ཤི་ཡའི་ རྒྱལ་ཁབ་ཚོགས་པ་ཟེར་ འཐུས་མི་རྒྱལ་ཁབ་ ༡༠ ཡོད་མི་གིས་ཡང་ འགྲོ་བ་མིའི་གྲོགས་རམ་ཚུ་ མགྱོགས་དྲགས་དགོཔ་ཡོད་མི་དེ་ ངོས་ལེན་འབད་དེ་ རྒྱབ་སྐྱོར་གྱི་དོན་ལས་ གྲ་སྒྲིག་འབད་ནུག།
ལྷོ་ཀོ་རི་ཡ་གིས་ འགྲོ་བ་མིའི་དོན་ལུ་ ཌོ་ལར་ས་ཡ་ ༢ གྲོགས་རམ་སྦེ་ བྱིན་ནི་དང་ དེ་བཟུམ་སྦེ་ ཡུ་ཨེཛ་གིས་ཡང་ གྲོགས་རམ་ཚུ་འབད་ནི་ཨིནམ་སྦེ་ བཤད་པའི་ཁར་ རྒྱ་ནག་གིས་ཡང་ ཌོ་ལར་ས་ཡ་ ༡༣.༧༧ གནས་པའི་ གུར་དང་ མལ་ཆ་ དེ་ལས་ གློ་བུར་གྱི་ ལག་ཆ་ཚུ་ གྲོགས་རམ་བྱིན་ནི་སྦེ་ བཤད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: