སྤྱི་ལོ་ ༢༠༢༥ ལོའི་ རྒྱལ་སྲུང་ཤོ་ཐེངས་ ༡ པའི་ སྦྱོང་བརྡར་ལས་རིམ་ འགོ་བཙུགས་ཡོདཔ།

སྤྱི་ཟླ་ ༤ པའི་ཚེས་ ༡ ལུ་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ ༤ གི་ནང་ སྤྱི་ལོ་ ༢༠༢༥ ལོའི་ རྒྱལ་སྲུང་ཤོ་ཐེངས་ ༡ པའི་ སྦྱོང་བརྡར་ལས་རིམ་ འགོ་བཙུགས་ཡོདཔ་ད་ ཤོ་ཐེངས་ ༡ པ་དེ་ནང་ སྦྱོང་བརྡར་འབད་མི་བསྡོམས་ ༢,༦༥༨ ཡོདཔ་ཨིན་པས།
སྦྱོང་བརྡར་གྱི་ འགོ་འབྱེད་རྟེན་འབྲེལ་དེ་ཡང་ སྦྱོང་བརྡར་སྤེལ་ཁང་རང་སོའི་ འགོ་འཛིན་ཚུ་གིས་ འགོ་ཁྲིད་ཐོག་ལུ་ བརྩི་སྲུང་འབད་མིའི་ནང་ རྫོང་ཁག་དང་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ནུག།
སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༩ པའི་ཚེས་ ༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་སྲུང་འགོ་བཙུགས་གནང་པའི་སྐབས་ལུ་ རྒྱལ་སྲུང་ཟེར་མིའི་ རྒྱབ་ཁུངས་ཚུ་གི་སྐོར་ལས་ གསུང་བཤད་གནང་པའི་ནང་གསལ་ རྒྱལ་ཡོངས་ཞབས་ཏོག་དེ་ ང་བཅས་རའི་ རྒྱལ་ཁམས་ཀྱི་དོན་ལུ་ ཡར་དྲག་ཅན་གྱི་ མ་འོངས་པ་ གོང་འཕེལ་གྱི་དོན་ལུ་ཨིནམ་ལས་ གྲུབ་འབྲས་སྦོམ་ གཏོན་དགོ་པ་ཅིན་ སེམས་བག་ཡེངས་མ་ཤོར་བར་ བློ་སྟོབས་དང་ སེམས་ཐག་བཅད་ཐོག་ལས་ རྩ་འགེངས་ཏེ་ ལཱ་འབད་དགོ་ཟེར་ གསུངས་གནང་ཡི།
རྒྱལ་སྲུང་སྦྱོང་བརྡར་འདི་ཡང་ ཧེ་མ་བཟུམ་སྦེ་ར་ སྤྱི་ཟླ་ ༦ པའི་ཚེས་ ༣༠ ཚུན་ ཟླ་ངོ་ ༣ གྱི་རིང་ལུ་ སྒྲིག་ལམ་དང་ ཤེས་ཡོན་ འགོ་ཁྲིད་རིག་རྩལ་ དྲང་བདེན་དང་ མཆོག་འགྱུར་ འགན་འཁྲི་ ཐ་དམ་ཚིག་ཚུ་ནང་ སྦྱང་བརྩོན་འབད་ནི་ཨིན་པས།
དེ་མ་ཚད་ རྒྱལ་སྲུངཔ་ག་ར་གིས་ གཞི་རིམ་དམག་སྦྱོང་ཚུ་འབད་དེ་ རང་སོའི་གཟུགས་ཀྱི་སྟོབས་ཤུགས་ ལེགས་སྒྱུར་གཏང་ནི་དང་ རུ་སྒྲིག་དང་ གོ་མཚོན་ལག་ལེན་ཚུ་གི་ སློབ་སྦྱོང་ཡང་འབད་ནི་ཨིནམ་ད་ དམག་སྦྱོང་དེ་ཚུ་ རྒྱལ་གཞུང་འབྲུག་གི་དམག་སྡེ་དང་ རྒྱལ་ཡོངས་ཀྱི་ ཤེས་ཡོན་ཚུ་ མཁས་མཆོག་ཚུ་གིས་ སྟོན་དོ་ཡོདཔ་སྦེ་ རྒྱལ་སྲུང་ཡིག་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།
སྤྱི་ལོ་ ༢༠༢༤ ལུ་ རྒྱལ་སྲུངཔ་ ༣,༦༩༡ གིས་ སྦྱོང་བརྡར་ཚུ་ མཐར་འཁྱོལ་ཡོདཔ་ལས་ ཁོང་ཆ་ཁྱབ་ལུ་ རྒྱལ་སྲུངཔ་ཟེར་ འབོ་ཆོག་པའི་ ཐོབ་དབང་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: