
བི་བི་སི།
སྤྱི་ཟླ་ ༤ པའི་ཚེས་ ༢ ལུ་ ཨིཛ་རེལ་གྱི་ སྲུང་སྐྱོབ་བློན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་གྱི་ དམག་སྡེ་གིས་ ག་ཟ་ལུ་ མཁའ་དམག་གནམ་གྲུའི་ཐོག་ལས་ གནོད་འཚུབ་བཀལ་ཏེ་ པེ་ལེཛ་ཊིན་གྱི་ ས་ཁོངས་སྦོམ་སྦེ་ར་ བཙན་བཟུང་འབད་ཡི་ཟེར་ཨིན་པས།
དེ་མ་ཚད་ པེ་ལེཛ་ཊིན་གྱི་ བྱང་ཕྱོགས་ཁྲོམ་སྡེ་ ཇ་བཱ་ལི་ཡ་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ སྨན་ཁང་ཅིག་ལུ་ གནོད་འཚུབ་བཀལ་ཐོག་ལས་ ཨ་ལོ་ ༩ བརྩིས་ཏེ་ པེ་ལེཛ་ཊིན་གྱི་ མི་སེར་ ༡༩ དེ་ཅིག་ཡང་ དམར་བསད་འབད་ནུག།
དེ་བཟུམ་སྦེ་ ག་ཟ་ལུ་ཡང་ ནུབ་མོར་གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༢༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ཁཱན་ཡུ་ནིཛ་ས་གནས་ཀྱི་ སྡོད་ཁྱིམ་ཅིག་གི་ནང་ལས་ཡང་ ཨ་ལོ་དང་ ཨམ་སྲུ་ཚུ་བརྩིས་ཏེ་ ཕུངམོ་ ༡༢ ཐོབ་ཡོདཔ་ཨིན་པས།
དེ་བཟུམ་མའི་ གནོད་འཚུབ་ལུ་བརྟེན་ཏེ་ ས་ཁོངས་དེ་ཁར་ ཟ་ན་བཅུད་མེད་ ཉལ་ན་གཉིད་མེད་པར་ དུས་དང་རྣམ་པ་ཀུན་ཏུ་ ཚ་གྱང་དང་ སྡུག་བསྔལ་གྱི་ནང་ར་ སྡོད་དགོ་པས་ཟེར་ཨིནམ་ད་ སྐྱབས་བཅོལ་བ་ཚུ་གི་དོན་ལས་ ཇ་བཱ་ལི་ཡ་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ སྨན་ཁང་ཅིག་གི་ ཁང་མིག་ ༢ ལུ་ཡང་ གནོད་འཚུབ་བཀལ་ཡོདཔ་སྦེ་བཀོད་ནུག།
ཨིཛ་རེལ་དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ གནོད་འཚུབ་བཀལ་དགོ་པའི་ དམིགས་གཏད་གཙོ་བོ་ར་ ཧ་མཱཛ་ཚུ་ རྩ་མེད་གཏང་ཐབས་ལུ་ཨིན་རུང་ མི་སེར་ཚུ་ལུ་ གནོད་སྐྱོན་མར་ཕབ་ཀྱི་དོན་ལས་ གནམ་གྲུའི་ཐོག་ལས་ བལྟ་རྟོག་འབད་དོ་ཟེར་ཨིན་པས།
དེ་མ་ཚད་ ཨི་ཇིབ་ཀྱི་ ས་མཚམས་ཁར་ཡང་ ཨིཛ་རེལ་གྱིས་ མཁའ་དམག་གནམ་གྲུའི་ཐོག་ལས་ གནོད་འཚུབ་བཀལ་བའི་ཁར་ ག་ཟ་ལུ་ ས་དམག་ཚུ་ཡང་ ཡར་སེང་འགྱོ་ནི་ཨིནམ་སྦེ་བཀོད་ནུག།
བདུན་ཕྲག་འདི་ནང་ ཨི་ཟི་རེལ་གྱི་ དམག་མི་ཚུ་གིས་ ར་ཕ་ལུ་ཡོད་མི་ མི་སེར་ ༡༤༠,༠༠༠ དེ་ཅིག་ རང་སོའི་ཁྱིམ་ནང་ལས་ འཐོན་འགྱོ་དགོ་པའི་ ཉེན་བརྡ་ཡང་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 947
Users Yesterday : 1379
This Month : 947
This Year : 229788
Total Users : 941604
Views Today : 2453
Total views : 2741496
Who's Online : 9