རྒྱ་ནག་གིས་ ཡུ་ཨེཛ་ལུ་ ཚོང་ཟོག་ནང་འདྲེན་གྱི་ ཁྲལ་ཡར་སེང་འབད་མི་དེ་ མར་ཕབ་འབད་དགོ་པའི་ནན་སྐུལ།

རོའི་ཊརཛ།
སྤྱི་ཟླ་ ༤ པའི་ཚེས་ ༣ ལུ་ རྒྱ་ནག་གིས་ འཕྲལ་ཁམས་ཅིག་ཁར་ ཡུ་ཨེཛ་གིས་ ཡར་སེང་འབད་དེ་ཡོད་མི་ རྒྱ་ནག་གི་ ཚོང་ཟོག་ཁྲལ་དེ་ དེ་འཕྲལ་ལས་ ཆ་མེད་གཏང་དགོ་པའི་ ནན་སྐུལ་འབད་ཡོདཔ་ཨིན་པས།
གལ་སྲིད་ ཡུ་ཨེཛ་གིས་ ནན་སྐུལ་དེ་ལུ་ ཆ་གནས་མ་འབད་བ་ཅིན་ རྒྱ་ནག་གི་ ཁ་ཐུག་ལས་ཡང་ གདོང་ལན་གྱི་ ཐབས་ལམ་ཚུ་ ལག་ལེན་འཐབ་ནི་ཨིན་མི་དེ་ཡང་ རྒྱ་ནག་གི་ མཐའ་དོན་ཉེན་སྲུང་གི་དོན་ལུ་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།
དེ་མ་ཚད་ ཡུ་ཨེཛ་གིས་ དེ་བཟུམ་མའི་ ཁྲལ་ཡར་སེང་འབད་མི་དེ་ འདས་པའི་ལོ་ཚུ་ནང་ ཕྱོགས་མང་ཚོང་འབྲེལ་གྱི་ འགྲིག་ཆ་བཟོ་མི་ལས་ཡང་ འགལ་དོ་ཡོད་པའི་ཁར་ ཡུ་ཨེཛ་ལུ་ རྒྱལ་སྤྱི་ཚོང་འབྲེལ་ཐོག་ལས་ ཁེ་ཕན་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་སྦེ་ རྒྱ་ནག་གི་ ཚོང་འབྲེལ་ལྷན་ཁག་ལས་ གསལ་བཤད་ཅིག་ནང་བཀོད་ནུག།
དེ་ཡང་ ཡུ་ཨེཛ་གིས་ ནང་འདྲེན་ཁྲལ་ ཡར་སེང་འབད་མི་ལུ་བརྟེན་ཏེ་ རྒྱལ་སྤྱི་གནས་རིམ་ནང་ དཔལ་འབྱོར་སྦོམ་ཤོས་ཚུ་གི་བར་ན་ ཚོང་འབྲེལ་གྱི་ བྱེལཝ་ཐོན་ཏེ་ ཚོང་ཟོག་བཀྲམ་སྤེལ་གྱི་ མཐུད་སྦྲེལ་ལུ་ གནོད་སྐྱོན་འབྱུང་འོང་ཟེར་ཨིན་པས།
སྤྱི་ཟླ་ ༤ པའི་ཚེས་ ༢ ལུ་ སྲིད་འཛིན་ཊཱམ་གྱིས་ གསལ་བསྒྲགས་འབད་མིའི་ནང་ དུས་ཅི་ ལོ་འགོ་ཚེསཔ་ད་ རྒྱ་ནག་གི་ ཚོང་ཟོག་ལུ་ ནང་འདྲེན་ཁྲལ་ བརྒྱ་ཆ་ ༢༠ ཡར་སེང་འབད་ཡོད་མི་གུ་ ད་རུང་ཡང་ བརྒྱ་ཆ་ ༣༤ ཡར་སེང་འབད་ནི་ཨིན་ཟེར་ བཀོད་ཡོདཔ་ལས་ ནང་འདྲེན་ཁྲལ་དེ་ བརྒྱ་ཆ་ ༥༤ ལུ་ འཛེགས་ནི་ཨིན་པས་ཟེར་བཀོད་ནུག།
དེ་ལས་ རྒྱལ་ཁབ་གཞན་ཚུ་ནང་ ཕྱིར་ཚོང་འཐབ་མི་ཚུ་གི་ ཚོང་ཟོག་ལུ་ ཕོག་དོ་བཟུམ་སྦེ་ རྒྱ་ནག་གི་ ཕྱིར་ཚོང་འཐབ་མི་ཚུ་གིས་ ཚོང་ཟོག་ཕྱིར་ཚོང་ཐོག་ལས་ ཡུ་ཨེཛ་ལུ་ ནང་འདྲེན་འབདཝ་ད་ ནང་འདྲེན་གྱི་ གཞི་རྟེན་ཁྲལ་དེ་ བརྒྱ་ཆ་ ༡༠ རེ་ ཕོག་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: