
པདྨ་དབང་འདུས།
སྤྱི་ཟླ་ ༤ པའི་ཚེས་ ༤ ལུ་ མཐའ་ཡས་ལེན་གྱི་རྒྱལ་ས་ བེང་ཀོག་ལུ་ཚོགས་མི་ བིམ་སི་ཊེག་ཟེར་ དཔལ་འབྱོར་མཉམ་འབྲེལ་ཚོགས་པའི་ འཐུས་མི་རྒྱལ་ཁབ་ཚུ་གི་ དབུ་ཁྲིད་ཞལ་འཛོམས་སྐབས་ལུ་ མི་རྗེ་བློན་ཆེན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ འབྲུག་གི་མི་སེར་ཚུ་ལས་ བཀྲིས་ལེགས་སྨོན་ཡོད་ལུགས་ གསུངས་གནང་པའི་ཁར་ ལུང་ཕྱོགས་མཉམ་འབྲེལ་ནང་ འབྲུག་གི་ཁས་ལེན་ཡང་ བསྐྱར་གསོ་མཛད་ནུག།
དེ་མ་ཚད་ མི་རྗེ་བློན་ཆེན་གྱིས་ མི་ཡཱན་མར་དང་ མཐའ་ཡས་ལེན་གྱི་ རྒྱལ་ཁབ་ནང་ འཕྲལ་ཁམས་ཀྱི་ ས་ཡོམ་ལུ་བརྟེན་ཏེ་ གནོད་སྐྱོན་བྱུང་ཡོད་མི་ལུ་ གཅིག་སྒྲིལ་དང་ སེམས་གསོའི་གསུང་བཤད་ཡང་ གནང་པའི་ནང་གསལ་ དེ་བཟུམ་མའི་ རང་བཞིན་རྐྱེན་ངན་དེ་གིས་ དཔལ་འབྱོར་གཅིག་སྒྲིལ་དང་ མཐའ་འཁོར་གནས་སྟངས་ཀྱི་འགྱུར་ཁྱད་ མཐུད་འབྲེལ་ཡར་དྲག་ཚུ་ནང་ བརྩོན་ཤུགས་ཚུ་ གལ་ཆེ་དྲགས་ཨིན་པའི་ བརྡ་མཚོན་སྟོན་ཡོདཔ་སྦེ་ གསུངས་ཡོདཔ་ཨིན་པས།
མི་རྗེ་བློན་ཆེན་གྱིས་ འབྲུག་གི་ཨང་གནས་གསར་བཏོད་དང་ མི་དབང་མངའ་ཞབས་མཆོག་གི་ ཐུགས་ཀྱི་དགོངས་གཏེར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་སྐོར་ལས་ཡང་ གཙོ་རིམ་བཟུང་སྟེ་ གསུངས་གནང་ནུག།
དེ་བཟུམ་སྦེ་ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་དམའ་ཤོས་ཀྱི་ རྒྱལ་ཁབ་ཀྱི་གྲས་ལས་ གནས་ཚད་ཡར་སེང་དང་ རྒྱལ་ཡོངས་ཀྱི་ རེ་འདུན་ཆེ་བའི་ དམིགས་དོན་ཚུ་གི་སྐོར་ལས་ཡང་ གསུངས་ཡོདཔ་ཨིན་པས།
མི་རྗེ་བློན་ཆེན་གྱིས་ འབྲུག་རྒྱལ་ཁབ་ཀྱིས་ བིམ་སི་ཊེག་ དཔལ་འབྱོར་མཉམ་འབྲེལ་ཚོགས་པའི་ འཐུས་མི་ཡོངས་དང་གཅིག་ཁར་ ལུང་ཕྱོགས་ཀྱི་ ལོངས་སྤྱོད་དང་བཙན་ཐབས་ལུ་ ལཱ་འབད་ནི་ལུ་ གྲ་སྒྲིག་ཡོད་པའི་སྐོར་ལས་ཡང་ ཡང་བསྐྱར་གསུངས་ཡོད་པའི་གནས་ཚུལ།




Users Today : 897
Users Yesterday : 1379
This Month : 897
This Year : 229738
Total Users : 941554
Views Today : 2301
Total views : 2741344
Who's Online : 8