མི་ཡཱན་མར་ལུ་ ས་ཡོམ་གྱིས་ གནོད་སྐྱོན་སྦོམ་བྱུང་མི་ལུ་ འབྲུག་ལས་ སྨན་བཅོས་ཀྱི་ གྲོགས་རམ་སྡེ་ཚན།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་རྒྱ་གནངམ་བཞིན་དུ་ མི་ཡཱན་མར་ རྒྱལ་ཁབ་ནང་ སྤྱི་ཟླ་ ༣ པའི་ཚེས་ ༢༨ ལུ་ ས་ཡོམ་གྱིས་ གནོད་སྐྱོན་སྦོམ་ བྱུང་སྟེ་ཡོད་མི་ལུ་ འབྲུག་གི་ཁ་ཐུག་ལས་ གྲོགས་རམ་ཚུ་འབད་དོ་ཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༡ ལུ་ སྨན་བཅོས་ཀྱི་ ཁྱད་ལཱ་འབད་མི་དང་ ལས་སྡེ་སྣ་མང་ལས་ མཁས་མཆོག་ཚུ་ཡོད་མི་ འཐུས་མི་ ༤༠ འབད་མི་ སྡེ་ཚན་ཅིག་ གྲོགས་རམ་གྱི་ ཅ་ཆས་ཚུ་དང་སྦྲགས་ཏེ་ བཏང་གནང་ནུག།
སྡེ་ཚན་དེ་གིས་ མི་ཡཱན་མར་གྱི་ ཕྱི་འབྲེལ་ལྷན་ཁག་དང་ རྐྱེན་ངན་འཛིན་སྐྱོང་གི་ དབང་འཛིན་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ པིན་མ་ནཱ་ཁྲོམ་ཁར་ ལཱ་སའི་སྨན་ཁང་ཅིག་ གཞི་བཙུགས་འབད་ཡོདཔ་ད་ ཁྲོམ་དེ་ཡང་ ན་པི་དའུ་མངའ་སྡེ་ནང་ ཁྲོམ་ཚོགས་ ༨ ཡོད་མི་ལས་ ༡ ཨིན་པས།
ལཱ་འབད་སའི་ སྨན་ཁང་དེ་ནང་ལས་ སྨན་བཅོས་ཀྱི་ ཞབས་ཏོག་ཚུ་ཡང་ གཞུང་གི་རྒུད་གསོའི་ བརྩོན་ཤུགས་ལུ་ ལྷན་ཐབས་སྦེ་ སྤྱི་ཟླ་ ༤ པའི་ཚེས་ ༣ ལས་ འགོ་བཙུགས་ནུག།
དེ་མ་ཚད་ སྤྱི་ཟླ་ ༤ པའི་ཚེས་ ༤ ལུ་ སྤ་རོ་གནམ་ཐང་ལས་ འབྲུག་མཁའ་འགྲུལ་གྱི་ དམིགས་བསལ་གནམ་གྲུ་ འཕུར་འགྲུལ་ཐོག་ལུ་ གྲོགས་རམ་གྱི་ ལཱ་འབད་མི་ཁ་སྐོང་ མི་གྲངས་ ༤༧ འབད་མི་ སྡེ་ཚན་ཅིག་ཡང་ སྨན་བཅོས་ཀྱི་དོན་ལས་ གཡོག་བཀོལ་བཏུབ་པའི་ གཤག་བཅོས་ཁང་མིག་དང་སྦྲགས་ཏེ་ བཏང་ཡོདཔ་ད་ སྡེ་ཚན་དེ་ནང་ རང་དབང་གི་སྒོ་ལས་ རྒུད་གསོའི་ལཱ་ཚུ་ ལག་ལེན་འཐབ་ཚུགསཔ་ བཟོ་ཐབས་ལུ་ སྨན་བཅོས་མཁས་མཆོག་དང་ རྒྱལ་སྲུངཔ་ དེ་ལས་ བདེ་སྲུངཔ་ཚུ་ཡོདཔ་ཨིན་པས།
མི་ཡཱན་མར་གྱི་ ས་གནས་ཀྱི་ དབང་འཛིན་ཚུ་དང་ གནོད་སྐྱོན་བྱུང་མི་ མི་སྡེ་ཚུ་གིས་ འབྲུག་གི་ཁ་ཐུག་ལས་ དུས་ཚོད་ཁར་ གྲོགས་རམ་འབད་མི་དང་ འབྲུག་གི་གྲོགས་རམ་སྡེ་ཚན་གྱི་ འཐུས་མི་ཚུ་གིས་ གནས་རིམ་ག་རའི་ནང་ ག་ནི་བ་ཡང་ ཁྱད་རིག་དང་ལྡན་པའི་སྒོ་ལས་ ཞབས་ཏོག་ཚུ་ བྱིན་མི་ལུ་ ཧིང་གི་གདིང་ལས་ར་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོད་པའི་གནས་ཚུལ།

Please follow and like us: