ཨིཛ་རེལ་གྱིས་ ག་ཟ་ལུ་ སྡོད་གནས་སྒྲིང་ཁྱིམ་ཅིག་གུ་ གནོད་འཚུབ་བཀའཝ་ལས་ མི་གྲངས་ ༢༩ ལུ་ཤི་རྐྱེན།

བི་བི་སི།
སྤྱི་ཟླ་ ༤ པའི་ཚེས་ ༡༠ ལུ་ པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟ་ལུ་ཡོད་མི་ སྨན་ཁང་ཅིག་གི་ནང་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཤར་ཕྱོགས་ག་ཟ་ལུ་ སྡོད་གནས་སྒྲིང་ཁྱིམ་ཅིག་གུ་ ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ ཨ་ལོ་ཚུ་བརྩིས་ཏེ་ པེ་ལིཛ་ཊིན་གྱི་ མི་སེར་ ༢༩ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།
ཧ་མཱཛ་གིས་ འཛིན་སྐྱོང་འབད་མི་ ཞི་བའི་སྲུང་སྐྱོབ་ལས་སྡེ་གིས་ སྤྱི་ཟླ་ ༤ པའི་ཚེས་ ༩ གི་དྲོ་པར་ ཨིཛ་རེལ་གྱི་ མཁའ་དམག་གནམ་གྲུ་ཚུ་ ག་ཟ་ལུ་ཡོད་མི་ མུཛ་ལིམ་གྱི་ ལྷ་ཁང་གུ་ལས་འཕུར་ཏེ་ ལྷ་ཁང་དེ་གི་ ཉེ་འདབས་ཀྱི་ ས་ཁོངས་ལུ་ དམིགས་ཚད་བསྐྱེད་སར་ མཐོང་ཡོདཔ་སྦེ་བཀོད་ནུག།
གནད་དོན་དེ་གི་སྐོར་ལས་ ཨིཛ་རེལ་གྱི་ དམག་སྡེ་གིས་འབད་བ་ཅིན་ ས་ཁོངས་དེ་ནང་ གནོད་འཚུབ་བཀལ་ནི་གི་ འཆར་གཞི་བརྩམས་ཏེ་ ལག་ལེན་འཐབ་ནི་གི་ འགན་ཁུར་འབག་མི་ ཧ་མཱཛ་དབང་བཙོང་དམག་སྡེའི་ ཆེ་མཐོའི་འགོ་དཔོན་ཅིག་ལུ་ གནོད་འཚུབ་བཀལ་ཡི་ཟེར་ཨིན་པས།
དེ་བསྒང་ ཨིཛ་རེལ་གྱི་ཁ་ཐུག་ལས་ ཞི་བའི་མི་སེར་ཚུ་ལུ་ གནོད་པ་མར་ཕབ་ཀྱི་དོན་ལས་ ཐབས་ལམ་ཚུ་ ལག་ལེན་འཐབ་ཡོདཔ་མ་ཚད་ ཚ་གཏད་འཁྲུལ་མེད་ཀྱི་ མཚོན་ཆ་ཚུ་ཡང་ ལག་ལེན་མ་འཐབ་པའི་སྐོར་ལས་ གསལ་བཤད་འབད་ནུག།
དེ་མ་ཚད་ འདས་པའི་བདུན་ཕྲག་ནང་ ཨིཛ་རེལ་གྱི་ དམག་སྡེ་གིས་ ག་ཟའི་ས་ཁོངས་ ཤེ་ཇའི་ཡ་ཟེར་སར་ དྲག་ཐོག་དབང་བཙོང་གི་ གཞི་རྟེན་མཁོ་ཆས་ཚུ་ གཏོར་བཤིག་འབད་ནི་ཨིནམ་ལས་ མི་སེར་སྟོང་ཕྲག་ལེ་ཤ་ཅིག་ ས་ཁོངས་དེ་ནང་ལས་ ས་གནས་གཞན་ཁར་སྤོ་སྟེ་ འགྱོ་དགོ་པའི་ བཀོད་རྒྱ་ཡང་བཏང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: