
རོའི་ཊརཛ།
སྤྱི་ཟླ་ ༤ པའི་ཚེས་ ༩ ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཛེ་ལེནཛ་ཀི་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱི་ གསང་ཞིབ་བརྡ་དོན་དང་འཁྲིལཝ་ད་ ར་ཤི་ཡའི་ དམག་མིའི་གྲངས་སུ་ རྒྱ་ནག་གི་ དམག་མི་ཉུང་ཤོས་ར་ ༡༥༥ དེ་ཅིག་ཡོདཔ་སྦེ་ བདའ་ཟུན་ཡི་ཟེར་ཨིན་པས།
དེ་ཡང་ ར་ཤི་ཡའི་ དམག་མི་ཚུ་གིས་ མདུན་བསྐྱོད་འབད་ས་ ཤར་ཕྱོགས་ཡུ་ཀེ་རེན་གྱི་ ས་ཁོངས་ནང་ལས་ རྒྱ་ནག་གི་ མི་ངོམ་ ༢ འཛིན་བཟུང་འབད་བའི་ཤུལ་ལུ་ སྲིད་འཛིན་ཛེ་ལེནཛ་ཀི་གིས་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ གསལ་བཤད་གནང་ནུག།
སྲིད་འཛིན་ཛེ་ལེནཛ་ཀི་གིས་ བཤད་མིའི་ནང་ ར་ཤི་ཡ་གིས་ མི་སྡེ་བརྡ་བརྒྱུད་ཚུ་ ལག་ལེན་འཐབ་སྟེ་ རྒྱ་ནག་གི་ མི་སེར་ཚུ་ ར་ཤི་ཡའི་ དམག་མིའི་གྲངས་སུ་ བཙུགས་དོ་ཡོདཔ་སྦེ་ཨིནམ་ད་ གནད་དོན་དེ་གི་སྐོར་ལས་ རྒྱ་ནག་གི་ འགོ་དཔོན་ཚུ་གིས་ཡང་ མ་ཤེསཔ་མིན་འདུག་ཟེར་ཨིན་པས།
ཡུ་ཀེ་རེན་གྱི་ སྲུང་སྐྱོབ་ཞབས་ཏོག་གི་ཁ་ཐུག་ལས་ རྒྱ་ནག་གི་ དམག་མི་ཚུ་ ར་ཤི་ཡའི་ དམག་སྡེ་རུ་ཁག་ ག་ཅི་གི་ནང་ཡོདཔ་ཨིན་ན་ མིང་དང་ སྐྱེས་ཚེས་ཚུ་དང་སྦྲགས་ཏེ་ བསྡུ་ལེན་འབད་དེ་ཡོདཔ་མ་ཚད་ རྒྱ་ནག་གི་ དམག་མི་ཚུ་ལུ་ བེ་ཇིང་ལས་ བཀོད་རྒྱ་ཡོད་མེད་ཡང་ ཞིབ་དཔྱད་འབད་དོ་ཡོདཔ་སྦེ་བཀོད་ནུག།
ད་རེས་ ཡུ་ཀེ་རེན་གྱི་ཁ་ཐུག་ལས་ རྒྱ་ནག་གི་ མི་སེར་འཛིན་བཟུང་ཐོག་ལུ་ཡོད་མི་ཚུ་ ར་ཤི་ཡ་གིས་ འཛིན་བཟུང་འབད་དེ་ཡོད་མི་ ཡུ་ཀེ་རེན་གྱི་ དམག་མི་ཚུ་དང་ བརྗེ་སོར་འབད་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
རྒྱ་ནག་གིས་ ར་ཤི་ཡ་དང་གཅིག་ཁར་ ཚད་འཛིན་མེད་པའི་ མཉམ་འབྲེལ་གྱི་ གསལ་བསྒྲགས་འབད་ཡོདཔ་མ་ཚད་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་བར་ན་ འགྲིག་ཆ་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་བཟུམ་སྦེ་འབད་དེ་ ར་ཤི་ཡ་ལུ་ ཁ་ཉེས་ཚུ་ཡང་ བཀལ་ནི་ལས་ འཛེམས་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 181
Users Yesterday : 1288
This Month : 1469
This Year : 230310
Total Users : 942126
Views Today : 258
Total views : 2742517
Who's Online : 4