སྲིད་འཛིན་ཌོ་ནཱལ་ཊཱམ་གྱིས་ ཚོག་ཟོག་ནང་འདྲེན་གྱི་ ཁྲལ་ཡར་སེང་འབད་མི་གིས་ རྒྱ་ནག་ལུ་ཕན་གནོད།

ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༤ པའི་ཚེས་ ༩ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཕྱིའི་རྒྱལ་ཁབ་ཚུ་ལས་ ཚོང་ཟོག་ནང་འདྲེན་ལུ་ ཁྲལ་ཡར་སེང་འབད་མི་དེ་གིས་ རྒྱ་ནག་ལུ་ གནོད་པ་སྦོམ་ར་ བྱུང་ཡོདཔ་ད་ དེ་ཡང་ རྒྱ་ནག་གིས་ ཡུ་ཨེཛ་ལུ་ ཕྱིར་ཚོང་འཐབ་མི་ ཚོང་ཟོག་ཚུ་ལུ་ ཁྲལ་བརྒྱ་ཆ་ ༡༢༥ དེ་རེ་ བཀལ་ཡོདཔ་ཨིན་པས།
ཡུ་ཨེཛ་གི་ཁ་ཐུག་ལས་ ཁྲལ་ཡར་སེང་གི་ གནོད་པའི་སྐོར་ལས་ ཚོང་འབྲེལ་མཉམ་རོགས་ གཞན་ཚུ་དང་གཅིག་ཁར་ འགྲིག་ཆའི་གྲོས་གླེང་ཚུ་འབད་ནི་ འགོ་བཙུགས་པའི་ གནས་སྐབས་ནང་ རྒྱ་ནག་གིས་ ཡུ་ཨེཛ་གི་ ཚོང་ཟོག་ནང་འདྲེན་ལུ་ཡང་ ཁྲལ་བརྒྱ་ཆ་ ༨༤ རེ་ལུ་ ཁྲལ་ཡར་སེང་འབད་ཡོདཔ་ལས་ འཛམ་གླིང་ནང་ དཔལ་འབྱོར་སྦོམ་ཤོས་ཨིན་མི་ རྒྱལ་ཁབ་ ༢ ཀྱི་བར་ན་ ཁྲལ་ཡར་སེང་གི་ བྱེལཝ་ཐོན་ཡོདཔ་སྦེ་བཀོད་ནུག།
འདས་པའི་བདུན་ཕྲག་ནང་ ཡུ་ཨེཛ་གིས་ ནང་འདྲེན་ཁྲལ་ ཡར་སེང་གི་སྐོར་ལས་ གསལ་བསྒྲགས་འབད་བའི་ཤུལ་ལུ་ བགོ་བཤའ་ཚོང་སྒྱུར་གྱི་ གནས་གོང་ཚུ་ ལེ་ཤ་གིས་ ཉམས་འགྱོ་དོ་ཡོདཔ་ད་ ཁྲལ་ཡར་སེང་ལུ་བརྟེན་ཏེ་ རྒྱལ་སྤྱིའི་ཚོང་འབྲེལ་ནང་ཡང་ བྱེལཝ་སྦོམ་སྦེ་ར་ འཐོན་དོ་ཡོདཔ་ཨིན་པས།
སྲིད་འཛིན་ཊཱམ་གྱི་ ཁ་ཐུག་ལས་ ཡུན་རིང་གི་བར་ན་ ཡུ་ཨེཛ་གི་ ཚོང་འབྲེལ་དེ་ ཕྱིའི་རྒྱལ་ཁབ་ཚུ་གིས་ ལོག་སྤྱོད་འབད་དོ་ཡོད་པའི་ ཁ་ཉེས་བཀལཝ་བཀལ་ས་ར་ཨིནམ་ད་ དེ་དང་འབྲེལ་ཏེ་ ནང་འཁོད་བཟོ་བཏོན་ཚུ་ བསྐྱར་གསོ་འབད་དེ་ ལཱ་གཡོག་གི་ གོ་སྐབས་ཚུ་ ཧེ་མའི་གནས་ཚད་ཁར་ ལོག་བཀལ་ནིའི་དོན་ལུ་ རང་སྲུང་ཅན་གྱི་ ཐབས་ལམ་ཚུ་ ལག་ལེན་འཐབ་དོ་ཡོདཔ་སྦེ་བཤད་ནུག།.
སྤྱི་ཟླ་ ༤ པའི་ཚེས་ ༩ ལུ་ རྒྱ་ནག་གི་ ཚོང་འབྲེལ་ལྷན་ཁག་ལས་ གསལ་བསྒྲགས་འབད་མིའི་ནང་ ཡུ་ཨེཛ་གིས་ ཁྲལ་ཡར་སེང་ ཡང་བསྐྱར་འབད་དེ་ཡོད་རུང་ རྒྱ་ནག་གིས་ དགོས་དོན་ཡོད་པའི་ གདོང་ལན་འབད་ནི་ལུ་ ཐབས་ལམ་ལེ་ཤ་ཡོད་ཟེར་ཨིནམ་ད་ ཡུ་ཨེཛ་གིས་ ནང་འདྲེན་ཁྲལ་ ཡར་སེང་འབད་མི་དེ་གིས་ ཡུ་ཨེཛ་གི་ དཀའ་ངལ་བསལ་མི་ཚུགས་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: