སོ་མ་ལི་ཡ་དང་ ཡུ་ཨེཛ་ ༢ མཉམ་འབྲེལ་གྱིས་ མཁའ་དམག་ཐོག་ལས་ གཡིབ་དམག་ ༡༢ དམར་བསད།

རོའི་ཊརཛ།
སྤྱི་ཟླ་ ༤ པའི་ཚེས་ ༡༧ ལུ་ སོ་མ་ལི་ཡ་དང་ ཡུ་ཨེཛ་ ༢ མཉམ་འབྲེལ་གྱིས་ སོ་མ་ལི་ཡའི་ དབུས་ཕྱོགས་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ཏེ་ ཨཱལ་ཤ་བབ་ཟེར་མི་ གཡིབ་དམག་ ༡༢ དམར་བསད་འབད་ཡོདཔ་མ་ཚད་ ཨཱལ་ཀ་ཡེ་ཌ་ གཡིབ་དམག་གི་ གོ་མཚོན་འབད་མི་ གྲུ་ཆེན་ཅིག་ཡང་ གཏོར་བཏང་ནུག།
དེ་ཡང་ སོ་མ་ལི་ཡའི་རྒྱལ་ས་ མོ་ག་ཌི་ཤུ་ལས་ བྱང་ཁ་ཐུག་ལུ་ ཀི་ལོ་མི་ཊར་ ༢༤༥ དེ་ཅིག་གི་ས་ཁར་ ཨིཛ་ལམ་གྱི་ ཐབས་བྱུས་ཅན་གྱི་ ཨ་ཌན་ཡ་བཱལ་ཁྲོམ་ཁར་ དམག་འཁྲུག་ལང་སྟེ་ ཆུ་ཚོད་དག་པ་ཅིག་གི་ཤུལ་ལས་ མཁའ་དམག་ཐོག་ལས་ ཧང་བཅོམ་འབད་ཡོདཔ་ཨིན་པས།
ཨཱལ་ཤ་བཱབ་ཀྱིས་ སྤྱི་ལོ་ ༢༠༠༧ ལས་ ངོ་རྒོལ་འབད་ནི་ འགོ་བཙུགས་ཡོདཔ་ད་ དེ་ཡང་ ཨིཛ་ལཱ་མིག་གི་ ཁྲིམས་ལུགས་གཞི་བཙུགས་ཀྱི་དོན་ལས་ དབང་ཚད་ཚུ་ འཕྱོག་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོད་པའི་ཁར་ འདས་པའི་ཟླཝ་ལས་ ངོ་རྒོལ་འབད་ནི་ཡང་ འགོ་བཙུགས་ནུག།
སྤྱི་ཟླ་ ༤ པའི་ཚེས་ ༡༦ གི་ཕྱི་རོ་ ཨ་ཌན་ཡ་བཱལ་ རྫོང་ཁག་ནང་ སོ་མ་ལི་ཡའི་ དམག་སྡེ་དང་ ཡུ་ཨེཛ་ ཨཕ་རི་ཀ་ཚུ་གིས་ མཁའ་དམག་གནམ་གྲུའི་ཐོག་ལས་ གནོད་འཚུལ་བཀལ་བའི་སྐབས་ལུ་ ཨཱལ་ཤ་བཱབ་ གཡིབ་དམག་གི་ འགོ་དཔོན་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ སོ་མ་ལི་ཡ་གཞུང་གིས་ བཤད་ཡོདཔ་ཨིན་པས།
གནོད་འཚུབས་དེ་ ངོ་རྒོལ་འབད་མི་ གཡིབ་དམག་ཚུ་ སྤུངས་འཛོམས་འབད་ས་དང་ གཡིབ་སྡོད་སའི་ ས་ཁོངས་ཅིག་ནང་ དམིགས་གཏད་བསྐྱེད་དེ་ བཀལ་ཡོདཔ་སྦེ་ བརྡ་དོན་ལྷན་ཁག་ལས་ མི་སྡེ་བརྡ་བརྒྱུད་ནང་ གསལ་བསྒྲགས་འབད་ནུག།
དེ་མ་ཚད་ སོ་མ་ལི་ཡའི་ རྒྱ་མཚོ་བརྒྱུད་དེ་ ཨཱལ་ཤ་བཱབ་ གཡིབ་དམག་གི་དོན་ལུ་ གོ་མཚོན་སྐྱེལ་འདྲེན་འབད་མི་ གྲུ་ཆེན་དང་དང་ གྲུ་ཆུང་ཚུ་ལུ་ཡང་ དམིགས་གཏད་བསྐྱེད་དེ་ གནོད་འཚུབ་བཀལ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: