ཀྲོང་གསར་གྱི་ སྤྱི་ཚོགས་འཐུས་མི་ བཀྲིས་རྡོ་རྗེ་གིས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་ཞུ་ཡོདཔ།

པདྨ་དབང་འདུས།
སྤྱི་ཟླ་ ༤ པའི་ཚེས་ ༡༤ ལུ་ ཀྲོང་གསར་རྫོང་ཁག་ ནུབ་སྦིས་-སྟང་སི་སྦྱིས་ འདེམས་ཁོངས་ཀྱི་ སྤྱི་ཚོགས་འཐུས་མི་ བཀྲིས་རྡོ་རྗེ་གིས་ ཀྲོང་གསར་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་ཞུ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༡༠ ལུ་ ཀྲོང་གསར་རྫོང་ཁག་ ཁྲིམས་ཀྱི་འདུན་ས་ལས་ ན་ཚོད་མ་སྨིན་མི་ལུ་ འདོད་སྤྱོད་བསུན་འཚེར་གྱི་ ཉེས་འཛུགས་ཐོག་ལུ་ ལོ་ངོ་ ༣ དང་ ཟླ་ངོ་ ༣ ཉིན་གྲངས་ ༢༨ ཀྱི་ བཙོན་ཁྲིམས་བཀལ་ནུག།
དེ་སྦེ་ མཐོ་གཏུགས་ཞུ་མི་དེ་ ཁོ་ལུ་ ཉེས་པ་མེད་པའི་ཁར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ཡང་ ཐེ་ཚོམ་དང་བྲལ་བའི་ སྒྲུབ་བྱེད་ཅིག་ གསལ་སྟོན་འབད་ནི་མེད་རུང་ རྫོང་ཁག་ཁྲིམས་འདུན་ལས་ འཁྲུན་ཆོད་དེ་ བཏོན་གནང་ཡི་ཟེར་ཨིན་པས།
ཧེ་མ་ ཉེས་དོགས་པ་དེ་ ཀྲོང་གསར་ལུ་ རྒེད་འོག་བདག་སྐྱོང་འགོ་དཔོན་སྦེ་ ཕྱག་ཞུ་སྡོདཔ་ད་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༩ པའི་ཚེས་ ༤ ལུ་ ལོ་ན་མ་སྨིན་མི་ཅིག་ གཟུགས་མ་བདེ་བར་ མལ་ཆའི་ནང་ སྡོད་པའི་སྐབས་ལུ་ འདོད་སྤྱོད་བསུན་འཚེར་གྱི་ ལཱ་བྱ་འཐབ་ཡོད་པའི་ ཉེས་འཛུགས་བཀལ་ནུག།
དེ་ཡང་ འདོད་སྤྱོད་བསུན་འཚེར་གྱི་ ལཱ་བྱ་འཐབ་ཡོད་པའི་སྐོར་ལས་ ཉམས་རྒུདཔ་དེ་གིས་ མོ་རའི་ཆ་རོགས་ལུ་ སླབ་པའི་ཤུལ་ལས་ སྤྱི་ལོ་ ༢༠༢༣ ལོའི་ སློབ་གྲྭའི་དུས་ཡུན་ནང་ སློབ་གྲྭའི་སློབ་སྟོན་པ་ཅིག་ལུ་ མོ་རའི་ཕམ་ཚུ་མེད་པའི་སྐབས་ ཉེ་ཚན་ཅིག་གིས་ འདོད་སྤྱོད་བསུན་འཚེར་འབད་ཡོད་པའི་སྐོར་ལས་ བཤད་ཡོདཔ་ཨིན་པས།
དེ་ལས་ སློབ་གྲྭའི་ཁ་ཐུག་ལས་ གནད་དོན་དེ་ ཀྲོང་གསར་སྨན་ཁང་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ སྨན་ཁང་ནང་ལས་ པདྨ་ཡིག་ཚང་ལུ་ སྙན་ཞུ་འབད་ཡོདཔ་ད་ དེ་ལས་ པདྨ་ཡིག་ཚང་གིས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༧ པའི་ཚེས་ ༩ ལུ་ ཀྲོང་གསར་གྱི་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: