
དབང་གཙོའི་རིང་ལུགས་ནང་ སྒེར་སྡེའི་བརྡ་བརྒྱུད་ཚུ་ ག་ནི་བ་ གལ་ཅན་ཅིག་ཨིནམ་བཞིན་དུ་ གཞུང་གི་ཁ་ཐུག་ལས་ སྒེར་སྡེའི་གསར་ཤོག་ཚུ་ ཡུན་བརྟན་སྦེ་ གནས་ཐབས་ལུ་ ལོ་ངོ་དག་པ་ཅིག་ལས་ཚུར་ མ་དངུལ་གྱི་ རྒྱབ་སྐྱོར་གནང་པ་ལུ་བརྟེན་ཏེ་ ད་རེས་ནངས་པར་ ཆུ་མ་སྐམ་ཅིག་དང་ ཉ་མ་ཤིཝ་ཙམ་ཅིག་སྦེ་ གནས་ཏེ་ཡོདཔ་ཨིན་པས།
དེ་འབདཝ་ད་ འཕྲལ་ཁམས་ཅིག་ཁར་ བདེན་ཁུངས་ག་ཏེ་ཡང་མེད་པའི་ གནས་ཚུལ་ཚུ་ ཁྱབ་སྤེལ་འབད་ཡོདཔ་ལས་ སྒེར་གྱི་གསར་ཤོག་ལས་སྡེ་ ལ་ལོ་ཅིག་གིས་ འབྲེལ་ཡོད་གཞུང་གི་ལས་ཁུངས་དང་གཅིག་ཁར་ བདེན་དཔྱད་འབད་བའི་སྐབས་ལུ་ གནས་ཚུལ་དེ་ཚུ་ ཧམ་བཤད་ཅན་ཅིག་ཨིན་པའི་ མངོན་གསལ་བྱུང་ནུག།
དེ་ཡང་ གསར་ཤོག་དེ་ནང་ འདས་པའི་ལོ་ངོ་བཅུ་ཕྲག་ ༡ གི་ ནང་འཁོད་ལུ་ གཞུང་ཞབས་ལས་ སྒེར་སྡེའི་གསར་ཤོག་ཚུ་ལུ་ ལྷན་ཐབས་མ་དངུལ་ དངུལ་ཀྲམ་ས་ཡ་ ༤༠ དེ་ཅིག་ ཐོབ་ཡོདཔ་སྦེ་ བཀོད་ཡོད་མིའི་སྐོར་ལས་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་ བརྡ་བརྒྱུད་གསར་བཏོད་བཟོ་གྲྭ་དང་ རིག་རྩལ་རྒྱུ་དངོས་ལས་ཁུངས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ མ་དངུལ་དེ་ཚུ་ག་ར་ སྒེར་སྡེའི་གསར་ཤོག་ ཉག་གཅིག་ལུ་མིན་པར་ ལས་དོན་གཞན་ཁར་ཡང་ བཏང་ཡོདཔ་སྦེ་ཨིན་པས།
དཔྱེ་འབད་བ་ཅིན་ གོ་བསྡུར་ཞལ་འཛོམས་དང་ གྲོས་བསྟུན་ཞལ་འཛོམས་ དེ་ལས་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་གི་ སྦྱོང་བརྡར་ཚུ་དང་ གཞུང་དབང་བརྡ་བརྒྱུད་ཚུ་ཡང་ཡོད་མི་ གནས་ཚུལ་བསྡུ་བཀོདཔ་ལ་སོགས་པའི་ སྦྱོང་བརྡར་ཚུ་ནང་ ཟད་འགྲོ་བཏང་ཡོདཔ་སྦེ་བཀོད་ནུག།
སྒེར་སྡེའི་་བརྡ་བརྒྱུད་ཀྱི་ཐེད་ཁར་ སྤྱི་ལོ་ ༢༠༡༨-༡༩ ལོར་ དངུལ་ཀྲམ་ ༧༠༠,༠༠༠ གྲོང་གཡུས་ཁག་གི་ གནས་ཚུལ་བསྡུ་བཀོད་ཀྱི་དོན་ལུ་དང་ དངུལ་ཀྲམ་ ༤༠༠,༠༠༠ གི་ཐོག་ལས་ བརྡ་བརྒྱུད་ལས་སྡེ་རེ་རེ་ལུ་ ལེབ་ཊོབ་རེ་དང་ དཔར་བསྐྲུན་འཕྲུལ་ཆས་རེ་ མཁོ་སྒྲུབ་འབད་དེ་ གནང་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༡༡ ལས་ ༢༠༢༡ ཚུན་ལུ་ དངུལ་ཀྲམ་ས་ཡ་ ༣༩.༧ ཟད་འགྲོ་བཏང་མིའི་ཐོག་ལས་ སྒེར་གྱི་བརྡ་བརྒྱུད་ཚུ་ལུ་ དངུལ་ཀྲམ་ས་ཡ་ ༨.༥ དང་ དེ་གི་ཤུལ་ལས་ རྩིས་ལོ་ ༢༠༢༡-༢༢ དང་ ༢༠༢༢-༢༣ དེ་ལས་ རྩིས་ལོ་ ༢༠༢༣-༢༤ དང་ ༢༠༢༤-༢༥ ཚུན་ལུ་ སྒེར་གྱི་བརྡ་བརྒྱུད་ཚུ་ལུ་ རིམ་སྤྲོད་བཞིའི་སྒོ་ལས་ དངུལ་ཀྲམ་ས་ཡ་ ༡༦.༨ ཐོབ་ནུག།
ག་དེ་སྦེ་ར་ཨིན་རུང་ འདས་པའི་ལོ་ངོ་ ༡༤ གི་ ནང་འཁོད་ལུ་ སྒེར་སྡེའི་བརྡ་བརྒྱུད་ཚུ་ལུ་ དངུལ་ཀྲམ་ཡོངས་བསྡོམས་ ས་ཡ་ ༢༥.༤ ལས་ མ་ཐོབ་སྟེ་འབད་རུང་ དངུལ་ཀྲམ་ས་ཡ་ ༤༠ ཐོབ་ཡོདཔ་སྦེ་ བཀོད་མི་དེ་ འཛོལ་བ་དང་ ཧམ་བཤད་ཨིནམ་སྦེ་ བཤདཔ་ཨིན་པས།
དེ་མ་ཚད་ གཞུང་གི་ཁ་ཐུག་ལས་ སྒེར་སྡེའི་གསར་ཤོག་ཚུ་ལུ་ འབྲུག་བརྡ་བརྒྱུད་གཞི་ཚོགས་བརྒྱུད་དེ་ བརྡ་བརྒྱུད་ཚོང་ལཱ་གོང་འཕེལ་འཆར་དངུལ་ཟེར་ ལྷན་ཐབས་མ་དངུལ་ གནང་མིའི་ཐོག་ལས་ཡང་ མ་དངུལ་ལེ་ཤ་ཅིག་ར་ དཔར་བསྐྲུན་གྱི་དོན་ལས་ གཞུང་དབང་བརྡ་བརྒྱུད་ ཀུན་གསལ་ལུ་ སྤྲོད་ཡོདཔ་སྦེ་ སྙན་ཞུའི་ནང་ གསལ་སྟོན་འབད་ནུག།
གཞུང་གི་ཁ་ཐུག་ལས་ སྒེར་སྡེའི་བརྡ་བརྒྱུད་ཚུ་ལུ་ དགོས་དོན་ཡོད་པའི་ ཞིབ་འཚོལ་ཚུ་ ལག་ལེན་འཐབ་སྟེ་ དཀའ་ངལ་ཚུ་གི་སྐོར་ལས་ གོ་རྟོགས་བྱུང་ཡོད་མི་དེ་ཡང་ གཙོ་བོ་ར་ བརྡ་བརྒྱུད་དེ་ གཅིག་དབང་རིང་ལུགས་ལུ་ འགྱུར་བ་ཅིན་ མི་མང་གི་ བསམ་འཆར་དང་ དམངས་གཙོའི་རིང་ལུགས་ བརྡ་བརྒྱུད་ཀྱི་ རང་དབང་ལ་སོགས་པ་ཚུ་ལུ་ ཐོ་ཕོག་ནི་ཨིན་པའི་ བསམ་འཆར་ཚུ་ཡང་ བཀོད་དོ་ཡོདཔ་ཨིན་པའི་གནས་ཚུལ།





Users Today : 82
Users Yesterday : 2073
This Month : 2155
This Year : 182058
Total Users : 893874
Views Today : 98
Total views : 2626922
Who's Online : 5